སྤྱི་ལོ ༢༠༡༨ ཟླ ༩ ཚེས ༧ ཉིན་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བཞིན།

འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྦེལ་ལྗམ་གནས་བཞུགས་བོད་རིགས་མི་མང་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག དེ་རིང་རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད ༡༠ ནས ༡༤ བར་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་ལགས་ནི། སྤྱི་ལོ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་། རང་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་དང་བུ་མོ་ལྷ་མོ་སྐྱིད་རྣམ་གཉིས་ལྷན་དུ་བཞུགས་སྒར་རྡ་རམ་ས་ལ་ནས་མགོ་འཛུགས་ཀྱིས་ཟླ་གཉིས་ལྷག་རིང་ཞི་བའི་གོམ་བགྲོད་དང་། ངག་བཅད་ལས་འགུལ། ཟས་བཅད་ལས་འགུལ་སོགས་རིམ་པར་སྤེལ་ཏེ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་ལག་བསྟར་ཡོང་བར་རྒྱ་བོད་ས་མཚམས་བརྒྱུད་བོད་དུ་ཞི་བའི་གོམ་བགྲོད་ཤར་བསྐྱོད་ཀྱིས་ད་ལྟའི་ཆར་ཤི་གསོན་ངེས་མེད་ཀྱི་གནས་སུ་གྱུར་ཀྱང་། བོད་བསྟན་པ་ཆབས་སྲིད་ཆེད་རང་གི་ཤ་དང་ཁྲག་ནས་ཆད་པའི་བུ་ཕྲུག་བློས་གཏོང་གནང་མཁན་གྱི་རང་དབང་འཐབ་རྩོད་པ་ངེས་པ་དོན་གྱི་རྒྱལ་གཅེས་དཔའ་མོ་ཞིག་ཡིན།