འཛམ་གླིང་ཡུལ་གྲུ་ཀུན་གྱིས་མཐོང་ལམ་དུ་གྱུར་པའི་དྲ་རྒྱ་འདི་ནི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་སྤྱི་ཚོགས་ནང་དངོས་སུ་འབུར་ཐོན་ནུས་ལྡན་གྱི་བྱ་བཞག་རླབས་ཆེན་དང་གྲུབ་འབྲས་ཤིག་ཡིན།

དེང་འཛམ་གླིང་འདིར་ཚན་རིག་འཕྲུལ་ལས་མགྱོགས་མྱུར་ཕྱིན་པ་དང་ཕྱོགས་མཚུངས། སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་དང་དགོས་མཁོ་ཡང་ཉིན་རེ་ནས་ཉིན་རེར་སྣེ་མང་ཅན་དང་ཡར་རྒྱས་འགྲོ་བཞིན་ཡོད། ཚན་རིག་རིག་གནས་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་ཙམ་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་དང་དགོས་མཁོ་ཡང་ཇེ་མང་དང་འཕེལ་རྒྱས། བྲེལ་བྲེལ་འཚབ་འཚུབ་ངང་རྒྱུག་འདུར་གྱིས་མི་རྣམས་ཚན་རིག་གི་གཡོག་པོ་ལྟ་བུར་གྱུར་ཡོད་ནའང་དེ་ལྟར་མི་འཚོ་ཀ་མེད་ཆགས་ཀྱི་ཡོད།

ང་ཚོ་སྒང་པ་བོད་མི་རྣམས་སྔར་མུས་བཞིན་སོས་དལ་ངང་གནས་དགོས་ཟེར་ན་སྔར་ལས་སྡུག་པའི་གདུག་རྩུབ་དང་གཉའ་གནོན་ཆེ་བའི་བྲན་གཡོག་ཏུ་འགྱུར་བ་གདོན་མི་ཟ་བས་ལེགས་པའི་རིགས་རྣམས་དུས་རབས་དང་བསྟུན་གང་ཐུབ་བྱེད་རྒྱུ་གལ་ཆེན་ཡིན། དེས་ན་བོད་ཡིག་གི་དྲ་རྒྱ་ཇུས་འགོད་དང་། བོད་ཡིག་གི་དྲ་ངོས་བེད་སྤྱོད་བྱས་ཏེ་བོད་ཀྱི་སྐད་དང་རིག་གཞུང་ཞིབ་འཇུག གནས་ཚུལ་མཁོ་སྤྲོད། དཔལ་འབྱོར་འཕེལ་རྒྱས། ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་ནས་ཕན་ནུས་དང་ཚད་གཞི་ངེས་ཅན་ལྡན་པའི་དྲ་རྒྱ་གང་མང་བཟོ་བསྐྲུན་བྱེད་དགོས་པ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་བཟློག་ཏུ་མེད་པ་ཞིག་ཡིན།

འུ་ཅག་བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་ཁྱད་འཕགས་ཤིག་ལ་ངོས་འཛིན་དང་། རིག་གཞུང་འདིས་འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པ་མིག་མཐོང་ལག་ཟིན་ལ་བརྟེན། འཛམ་གླིང་ཡུལ་ལུང་འདྲ་མིན་ནང་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་པའི་བོད་ཀྱི་རིག་གཞུང་ཤེས་རྟོགས་དང་ཞིབ་འཇུག་གི་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་པར་མ་ཟད། ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་ལོ་རེ་ནས་ཇེ་མང་དུ་འཕེལ་མུས་ཡིན།

དེར་བརྟེན་ཡུ་རོབ་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་རང་རེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས། གནའ་དེང་གི་སྲོལ་རྒྱུན་བཟང་པོ་སོགས་མི་ཉམས་གོང་སྤེལ་དང༌། ཉམས་པ་སླར་གསོ་ཡོང་བའི་གཞོགས་འདེགས་སུ་དམིགས་འབྲེལ­་སྦེལ་ལྗམ་མདོ་སྨད་བོད་ཡིག་དྲ་རྒྱ་ཇུས་འགོད་དང་ལག་བསྟར་གྱིས་དྲ་རྒྱ་ཁྱད་ཆོས་ལྡན་པ་ཞིག་བཟོ་རྒྱུ་གུས་པ་རེབ་གོང་འཇིགས་མེད་ལ་བཀའ་མངགས་གནང་དོན་བཞིན་གུས་ནས་ཀྱང་སྤྱི་ཚོགས་ཀྱི་ཞབས་འདེགས་དང་འབུར་ཐོན་ནུས་ལྡན་གྱི་བྱ་བཞག་རླབས་ཆེན་ཞིག་ཏུ་མཐོང་སྟེ་སྒེར་གྱི་ལས་ཞོར་དུ་དུས་ཚོད་གང་མང་ཞིག་ནར་གཏོང་གིས་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་དྲ་རྒྱ་ད་ལྟ་མཛམ་གླིང་ཡུལ་གྲུ་ཀུན་གྱིས་མཐོང་ལམ་དུ་གྱུར་པའི་ཤར་གཏོང་ཐུབ་པ་འདི་ལགས།

དྲ་རྒྱ་འདི་ནི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་འཆར་ཅན་ལས་རིམ་ཁག་གང་ཞིག་སྤེལ་དགོས་པ་གཞིར་བཞག་ཐོག་གང་ཟག་སྒེར་བ་སུ་ཡིན་ཡང་རང་མོས་བཞིན་སྤེལ་ཆོག་པའི་གླེང་སྟེགས་ཤིག་ཡིན། མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་པ་ཡོངས་ཀྱིས་དྲ་ངོས་སུ་ཐོ་འགོད་དེབ་སྐྱེལ་གྱིས་རྩོམ་ཡིག་དང་། བསླབ་བྱ། བསམ་ཚུལ། འཕྲོད་བསྟེན། དཔྱད་བརྗོད་རྩོམ་ཡིག སྤྱི་ཚོགས་ཀྱི་རྒྱུན་ཤེས་སོགས་གང་མང་སྤེལ་ཆོག་པའི་སྤྱི་ལ་དབང་བའི་གླེགས་སྟེགས་ལྟ་བུ་ཞིག་ཡིན་ནའང་། དྲ་ངོས་ཀྱི་ཞུ་དག་དང་། རྩོམ་སྒྲིག་གི་ལས་རིམ། ནང་དོན་སོགས་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ཐད་ཀར་སྟངས་འཛིན་གནང་བཞིན་པ་ལས་དྲ་རྒྱ་ཇུས་འགོད་པར་འབྲེལ་བ་གང་ཡང་མེད།

མདོ་དོན། སྦེལ་ལྗམ་མདོ་སྨད་དྲ་རྒྱ་ཇུས་འགོད་དང་བཟོ་བཀོད་ཀྱི་སྤུས་ཚད། ལས་གཞི་ཡར་རྒྱས་ཡོང་བར། ཞན་ཆ་དང་ལེགས་པའི་ཆ་གང་ཡོད་ཐད་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་དགོངས་འཆར་ལམ་སྟོན་དང་། དྲ་ངོས་སུ་ཐོ་འགོད་དེབ་སྐྱེལ་གྱིས་སྤྱི་བའི་རང་མོས་གླེང་སྟེགས་ཚད་ལྡན་ཞིག་ཏུ་འགྱུར་བའི་རེ་བ་དང་། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ཀྱང་དྲ་རྒྱ་འདི་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་གུས་པར་ཇུས་འགོད་སོགས་ཀྱི་ལས་རིམ་ཆ་ཚང་བ་བཟོ་བཀོད་བྱེད་དགོས་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

 

དྲ་རྒྱ་ཇུས་འགོད་པ་རེབ་གོང་འཇིགས་མེད་ནས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ ལ།