༄༅། །སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་སྒྲིག་གཞི།

སྔོན་གླེང་།

བོད་མི་སྐྱབས་བཅོལ་བ་སྤྱི་མཚུངས་བཞིན་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ཙམ་ནས་བཟུང་རྒྱལ་ཁབ་འདིར་མདོ་སྨད་པའི་སྐྱབས་བཅོལ་བ་སླེབས་མགོ་ཚུགས་ཤིང་། ཉིས་སྟོང་ཙམ་ལ་སྤྱི་དོན་ལ་ལྷག་བསམ་དང་ལ་རྒྱ་ལྡན་པའི་མདོ་སྨད་པ་སྔ་འབྱོར་བ་རེ་ཟུང་གིས་སྣེ་ཁྲིད་འོག་ལོ་གསར་མཉམ་རོལ་བྱེད་རྒྱུའི་ལུགས་སྲོལ་ཚུགས་པ་དང་། རིམ་གྱིས་མི་འབོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ལོ་གསར་མཉམ་རོལ་དེ་ཡང་མདོ་སྨད་སྤྲོ་སྐྱིད་ཀྱི་རྣམ་པར་བསྒྱུར་ཅིང་། ད་བར་དུ་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་སྐབས་བཅུ་གསུམ་བྱུང་ཡོད། དུས་ཡུན་འདི་དག་གི་རིང་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་སྐབས་སོ་སོས་འགན་ཁུར་ཏེ་ནང་ཁུལ་ལ་བལྟ་སྐྱོང་དང་། མདོ་སྨད་དབུས་རྒྱུན་ལའང་དབུ་འོག་དཔུང་འདེགས་གང་ལེགས་ཞུས་ཡོད་པ་མ་ཟད། ས་གནས་འདིའི་མདོ་སྨད་པ་ཡོད་དོ་ཅོག་གིས་སྐྱིད་སྡུག་མཉམ་མྱོང་ངང་། མཛའ་བརྩེ་དང་། འཆམ་མཐུན། ཕན་ཚུན་རོགས་རེས་སོགས་སྤྱི་སྒེར་གཉིས་ལ་འགན་ཁུར་མཉམ་ལེན་གྱིས་ཆིག་སྒྲིལ་ཐོག་ནུས་པ་ཆེན་པོ་ཐོན་ཡོད།

དེ་ཡང་དུས་ཀྱི་འགྱུར་བའི་དབང་གིས་བཙན་བྱོལ་བོད་མི་ཚོ་ཁ་ཐོར་ལ་གནས་པ་དང་། ལྷག་པར་གཞན་ཡུལ་རང་ཡུལ་ལ་འགྱུར་བཞིན་པའི་གནས་སྟངས་སྐྱོ་བོ་འདིའི་འོག བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཡོད་པའི་ཐོབ་ཐང་དང་འགན་འཁུར་གཞི་ལ་བཞག་སྟེ། འབྱུང་གྱུར་ཀྱང་ས་གནས་མདོ་སྨད་མི་མང་གི་ངོས་ནས་༧གོང་ས་༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཐེ་ཚོམ་མེད་པར་ཤར་བསྐྱོད་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་དང་བོད་སྤྱི་བའི་རྩ་དོན་ཆེད། སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ནང་ལྷག་བསམ་ལར་ཞེན་རྨ་མེད་ཐོག་འགན་ཁུར་མཉམ་ལེན་དང་ནུས་པ་མཉམ་སྤུངས། དེ་བཞིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་ལས་དོན་ཆེ་ཕྲ་ཡོངས་ལ་དབུ་འོག་དཔུང་འདེགས་ཡོང་རྒྱུ་བཅས་ལ་དམིགས་ནས་སྦེལ་ལྗམ་མདོ་སྨད་ས་རྒྱུན་གསར་འཛུགས་བྱས་པ་ཞིག་ཆགས་ཡོད།

མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ལམ་སྟོན་དང་རྒྱབ་སྐྱོར་ཕེབས་པ་བཞིན། ཕྱི་ལོ་ ༢༠༡༦ གི་ལོ་མཇུག་ཙམ་ནས་སྐབས་བཅུ་གསུམ་པའི་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་འོག་ས་རྒྱུན་གསར་འཛུགས་དགོས་མིན་ཐད་ས་གནས་མདོ་སྨད་མི་མང་ལ་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་སྦྱངས་བཤད་རིམ་པར་བྱས་པ་དང་སྦྲགས་མང་གཙོའི་ལམ་སྲོལ་བཞིན་འོས་བསྡུ་བྱས་འབྲས་སུ། ས་གནས་རྒྱུན་ལས་གསར་འཛུགས་བྱ་རྒྱུར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན། དེའི་གྲ་སྒྲིག་ཚགས་ཚུད་ཡོང་སླད། སླར་ཡང་མི་གྲངས་བཅུ་གསུམ་ལས་གྲུབ་པའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་གྲ་སྒྲིག་ཚོགས་ཆུང་ཞིག་ཀྱང་འོས་བསྡུའི་ལམ་ནས་འདེམས་བསྒྲུག་བྱས་པ་བཞིན། མ་འོངས་ས་རྒྱུན་རྣམ་པའི་ལས་དོན་ཚགས་ཚུད་དང་། ཕྱི་གསལ་ནང་གསལ། རྙོག་གླེང་མེད་པ། ལས་དོན་བྱ་བདེ་བ་བཅས་ལ་དམིགས་ཏེ། གྲ་སྒྲིག་ཚོགས་ཆུང་ནང་བགྲོ་གླེང་སྦྱང་བཤད་མཐིལ་ཕྱིན་པ་བྱས་མཐར། ལེའུ་བདུན་དང་དོན་ཚན་སོ་བརྒྱད་ཅན་གྱི་སྒྲིག་གཞི་འདི་ཉིད་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཡིན།

ལེའུ་དང་པོ།   སྒྲིག་གཞིའི་ངོ་བོ།

དོན་ཚན་དང་པོ། སྒྲིག་གཞིའི་མིང་།

སྒྲིག་གཞི་འདི་ལ་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞི་ཞེས་འབོད་རྒྱུ།

དོན་ཚན་གཉིས་པ། སྒྲིག་གཞིའི་ཁྱབ་ཚད།

སྒྲིག་གཞི་འདི་སྦེལ་ལྗམ་ནང་གནས་སྡོད་མདོ་སྨད་པ་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་གསུམ་པ། སྒྲིག་གཞིའི་དམིགས་ཡུལ།

མདོ་སྨད་ས་གནས་རྒྱུན་ལས་ཀྱི་ལས་དོན་ཚགས་ཚུད་དང་ཕྱི་གསལ་ནང་གསལ། གང་ཟག་གིས་དབང་སྒྱུར་མ་ཡིན་པར་ཁྲིམས་ལུགས་ཀྱི་དབང་སྒྱུར་ཡོང་ཐབས་བཅས་ཀྱི་ཆེད་སྒྲིག་གཞི་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་བཞི་པ། སྒྲིག་གཞིའི་ཆ་རྐྱེན།

༼  དབུས་རྒྱུན་ལ་ད་དུང་སྒྲིག་གཞི་གཏན་ཁེལ་ཞིག་མི་འདུག་སྟབས་གནས་སྐབས་ངང་འཇོག་བྱས་པ་ཡིན།  ༽

དོན་ཚན་ལྔ་པ། གནས་ཡུལ།

ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ལྗམ།

ལེའུ་གཉིས་པ།  སློབ་སྟོན་པ།

དོན་ཚན་དྲུག་པ། སློབ་སྟོན་པ།

༡          སྐབས་རེ་རེའི་རྒྱུན་ལས་འཕོ་འགྱུར་བྱུང་མཚམས། རྒྱུན་ལས་གསར་བའི་དབང་ཚད་ཀྱི་ཐོག་ནས་སློབ་སྟོན་པ་མི་གྲངས་གསུམ་ལས་མ་མང་བ་བསྐོ་བཞག་བྱེད་དགོས་པ་ཡིན།

༢          ས་རྒྱུན་ནས་ཐག་གཅོད་བྱེད་མ་ཐུབ་པའི་ཛ་དྲག་གི་དོན་གནད་རིགས་བྱུང་ཚེ་སློབ་སྟོན་པ་རྣམས་ལ་བཀའ་འདྲི་ལམ་སྟོན་ཞུ་རྒྱུ།

༣          སློབ་སྟོན་པའི་ལས་ཡུན་རྒྱུན་ལས་དང་གཅིག་མཚུངས་ལོ་གསུམ་རེ་ཡིན་མོད། བསྐྱར་དུ་བསྐོ་འཛུགས་བྱེད་རྒྱུར་དགག་བྱ་མེད།

༤          སློབ་སྟོན་པའི་འགན་དབང་ནི། སྒྲིག་གཞི་འདིའི་དོན་ཚན་ཁག་ནང་བསྐུར་བའི་འགན་དབང་རྣམས་བཞེས་དགོས་པ་ཕུད། དུས་ནས་དུས་སུ་རྒྱུན་ལས་ལ་ལམ་སྟོན་དང་དགོངས་འཆར་གནང་ཆོག་ཀྱང་། མཐའ་མའི་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་རྒྱུན་ལས་རང་ལ་ཡོད་པ་ལས་སློབ་སྟོན་པའི་དགོངས་འཆར་ལྟར་ལག་བསྟར་དགོས་པའི་ངེས་པ་མེད།

༥          སློབ་སྟོན་པ་རྣམས་ནས་ས་རྒྱུན་གྱི་སྒྲིག་གཞི་འདིའི་འབྲི་དོན་ཁག་ཚུལ་བཞིན་ལག་བསྟར་ཉམས་ལེན་བྱེད་ཀྱི་ཡོད་མེད་བརྟག་ཞིབ་ཀྱི་ཐུགས་འགན་བཞེས་དགོས་པ་དང་། གལ་སྲིད་ས་རྒྱུན་ནས་སྒྲིག་གཞིར་བརྩི་མེད་བྱེད་པའམ། ཡང་ན་སྣང་ཆུང་གིས་ལག་བསྟར་ཚུལ་བཞིན་མི་བྱེད་པའི་གནས་ཚུལ་བྱུང་སྐབས། སློབ་སྟོན་པ་རྣམས་ནས་སྒྲིག་གཞིའི་དགོངས་དོན་ལག་བསྟར་བྱེད་མི་དགོས་པའི་རྒྱུ་མཚན་ཅི་ཡིན་འདྲི་བརྩད་བྱེད་ཆོག

ལེའུ་གསུམ་པ།  སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།

དོན་ཚན་བདུན་པ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ལས་རྟགས།

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཏན་འབེབས་བྱས་པའི་གཅིག་གྱུར་ལས་རྟགས་བེད་སྤྱོད་བྱེད་རྒྱུ།

དོན་ཚན་བརྒྱད་པ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ལས་ཐམ།

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཏན་འབེབས་བྱས་པའི་གཅིག་གྱུར་ལས་ཐམ་བེད་སྤྱོད་བྱེད་རྒྱུ།

དོན་ཚན་དགུ་པ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་དར་ཆ།

མདོ་སྨད་ཆོལ་ཁའི་དར་ཆ་བེད་སྤྱོད་བྱེད་རྒྱུ།

དོན་ཚན་བཅུ་བ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་དམིགས་ཡུལ།

སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ཁག་སྙིང་དབུས་སུ་བཅིངས་སྟེ། དབུས་བོད་མིའི་སྒྲིག་འཛུགས་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་ཁག་གི་འོག་ཤར་བསྐྱོད་བྱ་རྒྱུ་དང་། ས་གནས་མདོ་སྨད་མི་མང་སྐྱིད་སྡུག་མཉམ་མྱོང་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སྔར་ལྷག་ཡོང་ཐབས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་མི་རབས་གསར་པ་ཚོར་བརྒྱུད་སྤྲོད་ཡོང་ཐབས་བཅས་ཀྱི་ཆེད་ནུས་ཤུགས་འདོན་རྒྱུ།

དོན་ཚན་བཅུ་གཅིག་པ། རྒྱུན་ལས་འོས་འདེམས།

༡          སྦེལ་ལྗམ་མདོ་སྨད་ས་རྒྱུན་ལ་རྒྱུན་ལས་མི་གྲངས་བཅུ་གཅིག་དགོས། ལོ་གསུམ་རེའི་མཚམས་སུ་མང་གཙོའི་ལམ་སྲོལ་བཞིན་མདོ་སྨད་མི་མང་གིས་ཐད་གར་འོས་འདེམས་བྱེད་དགོས་པ་ཡིན། ས་རྒྱུན་ལས་ཐོག་རྣམས་ནི་སྐབས་སོ་སོའི་འོས་བསྡུ་ཚོགས་ཆུང་ཡིན་ལ། འོས་ཤོག་གྲངས་བཤེར་སྐབས་ས་རྒྱུན་གྱི་སློབ་སྟོན་པ་རྣམས་དང་བོད་རིགས་ཚོགས་པའི་སྐུ་ཚབ་མི་གྲངས་གཉིས་ལས་མ་ཉུང་བ་ཟུར་དཔང་དུ་གདན་འདྲེན་ཞུ་དགོས།

༢          རྒྱུན་ལས་སུ་ཞིག་བསྟུད་མར་ལས་ཡུན་གཉིས་ལྷག་གནང་མི་ཆོག འོན་ཀྱང་ལས་ཡུན་གཅིག་བར་མཚམས་བཞག་རྗེས་སླར་ཡང་འོས་གཞིར་ཞུགས་ཆོག་པ་ཡིན།

༣          སྐབས་རེ་རེའི་རྒྱུན་ལས་ཀྱི་དུས་ཡུན་མ་རྫོགས་པའི་ཟླ་གསུམ་གྱི་སྔོན་ནས་འོས་བསྡུའི་སྐོར་མི་མང་ལ་གསལ་བསྒྲགས་འཐུས་ནན་བྱེད་དགོས།

༤          སྦེལ་ལྗམ་གྱི་ས་གནས་(Antwerpen) ཨན་ཀྲོ་ཝར་པན། མི་གྲངས་༤ (Brussls & Walloon)བྷུ་རུ་སེལ་དང་ཝ་ལོན་མཉམ་དུ། མི་གྲངས་ ༣ (Limburg & Flemish Brabant) ལིམ་བྷུར་གྷུ་དང་ཝུ་ལ་མེ་ཤཱི་བྷུ་ར་བྷན་སྒྲི། མི་གྲངས་ ༢ (East Flanders & West Flanders) ཤར་ཝུ་ལན་དྷིར་དང་ནུབ་ཝུ་ལན་དྷིར་མཉམ་དུ། མི་གྲངས་ ༢ བཅས་གྲངས་ཚད་གཏན་འབེབས་གཞིར་བཟུང་། སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་ཐུགས་སྤྲོའི་སྐབས་དང་བསྟུན་ནས་མི་མང་གིས་ཐད་གར་འོས་འདེམས་བྱེད་དགོས།

༥          འོས་ཤོག་འགྲེམ་སྤྲོད་སྐབས་ཟུར་སྣོན་ཡིག་ཆ་༼ ག་ ༽གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱེད་དགོས།

༦          འདེམས་ཐོན་རྒྱུན་ལས་རྣམས་ནས་ནང་ཁུལ་གསང་བའི་འོས་ཤོག་བརྒྱུད་ལས་བགོ་བྱས་རྗེས། སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་བཅའ་ལེན་དགོས།

༧          ཟུར་སྣོན་ཡིག་ཆ་༼ ཁ་ ༽པ་གཞིར་བཟུང་འོས་ཤོག་བཟོ་འགོད་བྱེད་དགོས།

༨          རྒྱུན་ལས་ཀྱི་འོས་འདེམས་ནང་འོས་གྲངས་གཅིག་མཚུངས་ཀྱི་གནས་ཚུལ་བྱུང་ཚེ། དོ་བདག་གི་དངོས་མིང་གང་ཡིན་པ་དེའི་མིང་གཞིའི་གསལ་བྱེད་ཀྱི་གོ་རིམ་གཞིར་བཟུང་རྩེ་བཏོག་བྱ་རྒྱུ།

༩ འོས་བསྡུ་དང་འབྲེལ་བའི་རྙོགས་གླེང་རིགས་བྱུང་ཚེ། སྐབས་སོ་སོའི་འོས་བསྡུ་ཚོགས་ཆུང་གི་དབང་ཚད་ཀྱི་ཐོག་ནས་ཐག་གཅོད་བྱེད་དགོས། ཡིན་ནའང་། འོས་བསྡུ་ཚོགས་ཆུང་གིས་ཐག་གཅོད་དང་། ཕྱག་ལས་གནང་ཕྱོགས་དྲང་བདེན་མ་བྱུང་པའི་ཀླན་ཀ་བྱུང་ཚེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཞུ་གཏུགས་བྱེད་ཆོག་པ་ཡིན།

དོན་ཚན་བཅུ་གཉིས་པ། རྒྱུན་ལས་ཀྱི་འོས་ཆོས།

༡          སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཚན་སྨད་སྐུར་འདེབས་ཞུ་མཁན་ནམ། ཡང་ན་དེ་རིགས་ལ་རྒྱབ་སྐྱོར་བྱེད་མཁན་ར་འཕྲོད་བྱུང་བ་མ་ཡིན་པ།

༢          རང་ལོ་ཧྲིལ་བོ་བཅོ་བརྒྱད་ལོན་པ།

༣          ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་ནས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

༤          བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༥          གནས་ཡུལ་ཁྲིམས་ཁང་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ།

༦          ས་རྒྱུན་གྱི་ལས་འཁུར་ཡུན་ཚད་གཉིས་བསྟུད་མར་བྱེད་བཞིན་པ་མ་ཡིན་པ།

༧          སྒྲིག་གཞི་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་གསལ་ཕྱིར་ཕུད་བྱ་དགོས་བྱུང་བ་མ་ཡིན་པ།

༨          བོད་མི་རིགས་དང་། བོད་ཀྱི་རྩ་དོན་ལ་གནོད་གཞིའི་རྒྱལ་ཁབ་བམ་སྒྲིག་འཛུགས། སྐྱེ་བོ་སྒེར་སུ་རུང་དང་འབྲེལ་བའི་ལས་དོན།     གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་དང་དེ་དག་གིས་བེད་སྤྱོད་འོག་འགྲོ་བཞིན་པ་མ་ཡིན་པ།

དོན་ཚན་བཅུ་གསུམ་པ། རྒྱུན་ལས་ཀྱི་རྩིས་སྤྲོད་ལེན།

༡          སྐབས་རེ་རེའི་རྒྱུན་ལས་འཕོ་འགྱུར་བྱེད་སྐབས། ༧ སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་ཐུགས་སྤྲོའི་རྗེས་ཀྱི་ཉིན་གྲངས་བཅོ་ལྔའི་ནང་ཚུན། རྒྱུན་ལས་གསར་རྙིང་བར་གྱི་རྩིས་སྤྲོད་ལེན་ངེས་པར་ཏུ་ཟིན་པ་བྱེད་དགོས།

 

༢          རྩིས་སྤྲོད་བྱུང་བའི་སྤྱི་དངོས་གང་ཡོད་ཐོ་གཞུང་གཞིར་བཟུང་རྩིས་སྤྲོད་ལེན་ཁམས་གཙང་དགོས་རྒྱུ་དང་། རྩིས་སྤྲོད་བྱུང་བའི་ཅ་དངོས་གང་ཡོད་གཉེར་བ་གཉིས་ཀྱིས་འགན་གཙོ་བཞེས་ཐོག་བདག་ཉར་དགོས་རྒྱུ།

༣          རྩིས་སྤྲོད་བྱུང་བའི་སྤྱི་དངུལ་གང་ཡོད་ཚོགས་གཙོ་དང་། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་ཀྱི་མིང་ཐོག་ནས་འཕྲལ་མར་དངུལ་ཁང་དུ་བཅོལ་འཇོག་བྱེད་དགོས།

༤          ཡིག་ཚགས་སྐོར་གྱི་ཅ་དངོས་གང་ཡོད་རྩིས་སྤྲོད་ལེན་ཁམས་གཙང་བྱུང་མཚམས། གཞུང་འབྲེལ་གལ་ཆེའི་ཡིག་ཆ་རྣམས་ཚོགས་གཙོས་ཉར་དགོས་པ་ཕུད། དེ་མིན་ཡིག་ཆ་གང་ཡོད་དྲུང་ཆེས་བདག་ཉར་དགོས་རྒྱུ།

དོན་ཚན་བཅུ་བཞི་པ། རྒྱུན་ལས་ཀྱི་གྲངས་འབོར།

སྦེལ་ལྗམ་མདོ་སྨད་ས་རྒྱུན་ལ་རྒྱུན་ལས་མི་གྲངས་ ༡༡ དགོས་པ་ཡིན།

དོན་ཚན་བཅོ་ལྔ་པ། རྒྱུན་ལས་ཀྱི་གྲུབ་ཆ་དང་ལས་འགན།

༡          སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གྲུབ་ཆ་ནི།

ཚོགས་གཙོ་གཅིག

ཚོགས་གཞོན་གཅིག

དྲུང་ཆེ་གཅིག

དྲུང་གཞོན་གཅིག

རྩིས་པ་གཅིག

དངུལ་གཉེར་གཅིག

ཆོས་རིག་འགན་འཛིན་གཅིག

ཕྱི་འབྲེལ་དང་སྤྱི་ཚོགས་འབྲེལ་མཐུད་འགན་འཛིན་གཅིག

དཔལ་འབྱོར་འགན་འཛིན་གཅིག

གཉེར་པ་གཉིས་བཅས་བཅུ་གཅིག་ཡོད་དགོས།

༢          ཚོགས་གཙོའི་ལས་འགན།

མདོ་སྨད་ས་གནས་མི་མང་དང་ས་གནས་རྒྱུན་ལས་ཀྱི་ངོ་ཚབ་གནང་སྟེ། རྒྱུན་ལས་ཀྱི་ཕྱི་འབྲེལ་ལས་དོན་ཁག་གི་གཙོ་འགན་དང་། གཞུང་འབྲེལ་ཚོགས་འདུ་ཁག་ལ་མཉམ་ཞུགས། ཡིག་ཆ་ཁག་དང་སྤྱི་དངུལ་བཅོལ་འདོན་གཏོང་ལེན་བཅས་ལ་བཀའ་ཁྲོལ་མཚན་རྟགས་འགོད་རྒྱུ། ས་གནས་མི་མང་ཚོགས་ཆེན་དང་རྒྱུན་ལས་ཀྱི་ཚོགས་འདུ། དམིགས་བསལ་ཛ་དྲག་གི་ཚོགས་འདུ་སོགས་བསྡུ་བསྐོང་དང་གཙོ་སྐྱོངས་གནང་རྒྱུ། སྒྲིག་གཞི་འདིའི་ནང་གསལ་འབྲེལ་ཡོད་འབྲི་དོན་ཁག་གཞིར་བཟུང་ས་རྒྱུན་གྱི་ལས་དོན་སྤྱི་ཡོངས་ལ་སྟངས་འཛིན་དང་། སྣེ་ཁྲིད། ལམ་སྟོན་གནང་རྒྱུ་བཅས་ཀྱི་འགན་དབང་ཡོད།

༣          ཚོགས་གཞོན་གྱི་ལས་འགན།

ཚོགས་གཙོའི་མཚན་གནས་རྗེས་འབྲེལ་གྱི་ལས་དོན་མཐའ་དག་ལ་ཕྱར་གྲུ་མཉམ་འདེགས་དང་། ཚོགས་གཙོ་ས་གནས་སུ་མ་བཞུགས་པའི་སྐབས་སུ་ཚོགས་གཙོའི་མཚན་གནས་རྗེས་འབྲེལ་གྱི་འགན་དབང་ཆ་ཚང་བཞེས་རྒྱུ།

༤          དྲུང་ཆེའི་ལས་འགན།

ཚོགས་གཙོ་སྦྲེལ་བོའི་ལམ་སྟོན་དང་རྒྱུན་ལས་ཀྱི་ཐག་གཅོད་འོག སྒྲིག་གཞི་འདིའི་ནང་གསལ་འབྲེལ་ཡོད་དོན་ཚན་ཁག་གི་འབྲི་དོན་བཞིན། འཆར་ཅན་དང་འཆར་ཅན་མ་ཡིན་པའི་ཚོགས་འདུ་དང་བྱེད་སྒོ་ཁག་གི་མཛད་རིམ་གོ་སྒྲིག་དང་། ངོ་སྤྲོད། རྒྱུན་ལས་ཀྱི་ཚོགས་འདུ་ཁག་གི་བརྗོད་གཞི་དང་ཚིག་ཐོ་ཕབ་འབྲི། རྒྱུན་ལས་ཀྱི་ལས་སྡོམ། ཡིག་འབྲེལ། རྒྱབ་གཉེར་ངོ་སྦྱོར་ཁག་སོགས་བཟོ་འགོད། རྒྱུན་ལས་ལྷན་ཚོགས་སྐབས་རེ་རེའི་ཚོགས་བཅར་དང་དགོངས་ཞུས། ཚོགས་ཆད་བྱུང་བའི་རྒྱུན་ལས་ཁག་གི་མིང་གཞུང་ཐོ་འགོད་བཅས་ཀྱི་འགན་བཞེས་རྒྱུ།

༥          དྲུང་གཞོན་གྱི་ལས་འགན།

དྲུང་ཆེའི་མཚན་གནས་རྗེས་འབྲེལ་གྱི་ལས་དོན་མཐའ་དག་ལ་ཕྱར་གྲུ་མཉམ་འདེགས་དང་། དྲུང་ཆེ་ས་གནས་སུ་མ་བཞུགས་པའི་སྐབས་སུ་དྲུང་ཆེའི་མཚན་གནས་རྗེས་འབྲེལ་གྱི་འགན་དབང་ཆ་ཚང་བཞེས་དགོས།

༦          རྩིས་པའི་ལས་འགན།

ཚོགས་གཙོ་སྦྲེལ་བོའི་ལམ་སྟོན་འོག སྒྲིག་གཞི་འདིའི་ནང་གསལ་འབྲེལ་ཡོད་དོན་ཚན་ཁག་གི་འབྲི་དོན་གཞིར་བཟུང་། རྒྱུན་ལས་ཀྱི་ལོ་རེའི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་བཟོ་འགོད་དང་། རྩིས་ཞིབ་ཚོགས་ཆུང་ལ་ལན་འདེབས་དང་མཐུན་འགྱུར། མང་ཚོགས་ལ་རྒྱུན་ལས་ཀྱི་རྩིས་ཁྲ་སྒྲོག་སྦྱང་། སྤྱི་དངུལ་བཅོལ་འདོན་སོགས་དངུལ་རྩིས་དང་འབྲེལ་བའི་ལས་གཞི་ཡོངས་རྫོགས་ནང་མཉམ་ཞུགས་འགན་ལེན་བྱ་རྒྱུ།

༧          དངུལ་གཉེར་གྱི་ལས་འགན།

ཚོགས་གཙོ་སྦྲེལ་བོའི་བཀའ་ཁྲོལ་དང་། སྒྲིག་གཞི་འདིའི་ནང་གསལ་འབྲེལ་ཡོད་དོན་ཚན་ཁག་གི་འབྲི་དོན་གཞིར་བཟུང་། སྤྱི་དངུལ་ཇི་ཡོད་བདག་ཉར་དང་སྤྲོད་ལེན་གྱི་འགན་དབང་ཡོངས་རྫོགས་བཞེས་རྒྱུ་དང་། དངུལ་གྱི་འགྲོ་འོང་དང་འབྲེལ་བའི་ལས་གཞི་ཆེ་ཆུང་ཡོངས་རྫོགས་ནང་མཉམ་ཞུགས་འགན་ལེན་བྱ་དགོས།

༨          ཆོས་རིག་འགན་འཛིན་གྱི་ལས་འགན།

ཚོགས་གཙོ་སྦྲེལ་བོའི་ལམ་སྟོན་འོག སྒྲིག་གཞི་འདིའི་དོན་ཚན་ཉེར་ལྔ་བའི་ནང་གསེས་དོན་ཚན་ཡོངས་རྫོགས་དང་། དོན་ཚན་ཉེར་གསུམ་པའི་ནང་གསེས་༥ པ་བཅས་ལག་བསྟར་གྱི་གཙོ་འགན་བཞེས་རྒྱུ།

༩          ཕྱི་འབྲེལ་དང་སྤྱི་ཚོགས་འབྲེལ་མཐུད་འགན་འཛིན་གྱི་ལས་འགན།

ཚོགས་གཙོ་སྦྲེལ་བོའི་ལམ་སྟོན་འོག སྒྲིག་གཞི་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་ཡོངས་རྫོགས་ལག་བསྟར་གྱི་གཙོ་འགན་བཞེས་རྒྱུ་དང་། ཕྱི་འབྲེལ་གྱི་ལས་དོན་ཁག་གི་ཐོག་ཚོགས་གཙོར་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ།

༡༠         དཔལ་འབྱོར་འགན་འཛིན་གྱི་ལས་འགན།

ཚོགས་གཙོ་སྦྲེལ་བོའི་ལམ་སྟོན་འོག རྒྱུན་ལས་ཀྱི་དཔལ་འབྱོར་འདུ་འགོད་དང་འབྲེལ་བའི་ལས་འཆར་བཟོ་འགོད་ཀྱིས་རྒྱུན་ལས་ལྷན་ཚོགས་སུ་ཕུལ་བ་བཀའ་ཁྲོལ་བྱུང་མཚམས་ལག་བསྟར་སྣེ་འཁྲིད་བྱ་རྒྱུ་དང་། སྒྲིག་གཞི་འདིའི་ནང་གསལ་དཔལ་འབྱོར་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་ཀྱི་རྐང་འགན་བཞེས་རྒྱུ།

༡༡         གཉེར་པ་གཉིས་ཀྱི་ལས་འགན།

སྒྲིག་གཞི་འདིའི་དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པ་དང་། གཞན་འབྲེལ་ཡོད་དོན་ཚན་ཁག་གི་འབྲི་དོན་གཞིར་བཟུང་། སྤྱི་བའི་ཅ་དངོས་དང་འཛིན་ཆས་ཇི་ཡོད་དོ་དམ་བདག་ཉར་དང་། ཐུགས་སྤྲོ་དང་དཔལ་འབྱོར་འདུ་འགོད་སྐབས་ཟས་རིགས་ཉོ་ཚོང་དང་འབྲེལ་བའི་ལས་འགན་ཡོངས་རྫོགས་ཀྱི་རྐང་འགན་བཞེས་རྒྱུ།

དོན་ཚན་བཅུ་དྲུག་པ། རྒྱུན་ལས་ཀྱི་དུས་ཡུན།

སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་དུས་ཡུན་ལོ་གསུམ་རེ་ཡིན།

དོན་ཚན་བཅུ་བདུན་པ། རྒྱུན་ལས་ཀྱི་རྩིས་ཞིབ།

སྐབས་རེ་རེའི་རྒྱུན་ལས་ཀྱི་དུས་ཡུན་མ་གཙང་བའི་ཟླ་གསུམ་གྱི་སྔོན་དུ་སློབ་སྟོན་པ་རྣམ་པའི་དབང་ཚད་ཀྱི་ཐོག་མི་གྲངས་ལྔ་ལས་མ་མང་པའི་རྩིས་ཞིབ་ཚོགས་ཆུང་རེ་ཆེད་འཛུགས་དགོས་པ་ཡིན། རྩིས་ཞིབ་ཚོགས་ཆུང་གི་མི་འགྲོ་རྣམས་སྐབས་དེའི་རྒྱུན་ལས་མ་ཡིན་པ་ཞིག་དགོས་ལ། རྒྱུན་ལས་ཀྱི་རྩིས་ཁྲ་མང་ཚོགས་ལ་ཕྱིར་བསྒྲགས་མ་བྱས་པའི་སྔོན་དུ་རྩིས་ཞིབ་ཚོགས་ཆུང་ནས་ངེས་པར་དག་མཆན་འཁོད་དགོས།

དོན་ཚན་བཅོ་བརྒྱད་པ། རྒྱུན་ལས་རྩ་དགོངས།

༡          རྒྱུན་ལས་སུ་རུང་ནས་དགོངས་པ་ཞུ་དགོས་བྱུང་ཚེ། དགོངས་ཞུ་དགོས་པའི་རྒྱུ་མཚན་ཁ་གསལ་ཡིག་ཐོག་ནས་འབུལ་དགོས་པ་དང་། དགོངས་ཤོག་གི་ནང་དོན་དང་དགོངས་ཤོག་ངོས་ལེན་དགོས་མིན་རྒྱུན་ལས་ངོ་ཡོད་རྣམས་ནས་གོ་བསྡུར་བརྒྱུད་ཐག་གཅོད་བྱ་རྒྱུ་དང་། རྒྱུན་ལས་ནས་ཐག་གཅོད་ཇི་བྱུང་གི་བརྡ་ལན་དོ་བདག་ལ་ངེས་པར་ཡིག་ཐོག་ནས་སྤྲོད་དགོས།

༢          གལ་སྲིད་དགོངས་ཤོག་ངོས་ལེན་གྱིས་རྒྱུན་ལས་དེ་རྩ་དགོངས་སོང་པ་ཡིན་ན། ཚབ་གསར་སྒུག་ཐོ་གཞིར་བཟུང་ཟླ་གཅིག་ནང་ཚུན་བསྐོ་བཞག་དགོས་པ་དང་། གལ་སྲིད་སྒུག་ཐོ་མེད་པའི་གནས་ཚུལ་བྱུང་བ་ཡིན་ན། གསལ་བསྒྲགས་སྔོན་སོང་གིས་བར་མའི་འོས་བསྡུ་བྱེད་དགོས་པ་ཡིན།

༣          རྩ་དགོངས་ཕྱིན་པའི་རྒྱུན་ལས་སུ་ཡིན་དེ་དང་འབྲེལ་ཡོད་སྤྱི་དངུལ་དང་སྤྱི་བའི་ཅ་དངོས་ཇི་ཡོད་ཟླ་གཅིག་ནང་ཚུན་རྩིས་གཙང་དགོས་རྒྱུ་དང་། ཚབ་གསར་བསྐོ་བཞག་མ་བྱུང་བར་ལས་འགན་མུ་མཐུད་འཁུར་དགོས་པ་ཡིན།

༤          རྩ་དགོངས་ཕྱིན་པའི་རྒྱུན་ལས་ཀྱི་ལས་གནས་གང་ཡིན་དེའི་ས་མིག་ཐོག་ལས་བགོ་བྱེད་ཕྱོགས་རྒྱུན་ལས་རྣམས་གོ་བསྡུར་ཐོག་ཐག་གཅོད་ཆོག་པ་ལས། གསར་དུ་སླེབས་པའི་རྒྱུན་ལས་སུ་ཡིན་དེ་སྔའི་ས་མིག་ཐོག་བསྐོ་འཇོག་དགོས་པའི་ངེས་པ་མེད།

༥          གལ་སྲིད་ཚོགས་གཙོ་གཞོན་གང་རུང་ནས་དགོངས་ཞུའི་གནས་ཚུལ་བྱུང་ཚེ། དོན་ཚན་འདིའི་ནང་གསེས་གཉིས་པ་གཞིར་བཟུང་རྒྱུན་ལས་ཁ་སྐོང་བྱ་རྒྱུ་དང་། ཁ་བསྐང་ཟིན་པའི་རྒྱུན་ལས་བཅུ་གཅིག་གི་ཁོངས་ནས་སླར་ཡང་རྒྱུན་ལས་གྱིས་འོས་འདེམས་བརྒྱུད། དགོངས་ཞུ་ཕྱིན་པའི་ཚོགས་གཙོ་གཞོན་སུ་ཡིན་དེའི་ཚབ་གསར་བསྐོ་བཞག་བྱེད་རྒྱུ།

༦          གལ་སྲིད་རྒྱུན་ལས་རྩ་འབོར་གྱི་བརྒྱ་ཆ་ལྔ་བཅུ་ལས་མང་བ་སྡེབ་དགོངས་ཞུས་པའི་གནས་ཚུལ་བྱུང་ཚེ། སློབ་སྟོན་པ་རྣམས་པས་གཙོ་འགན་ཁུར་བའི་ཐོག ཤུལ་བཞུགས་རྒྱུན་ལས་ངོ་ཡོད་རྣམས་ཛ་དྲག་ལྷན་འཛོམས་ཐོག སྐབས་དེའི་རྒྱུན་ལས་ཕྱིར་བསྡུ་བྱས་ཏེ། རྒྱུན་ལས་སྐབས་རྗེས་མའི་འོས་བསྡུའི་ལས་རིམ་འཕྲལ་དུ་འགོ་འཛུགས་བྱེད་དགོས།

༧          རྒྱུན་ལས་སྡེབ་དགོངས་ཞུ་དགོས་པའི་རྒྱུ་རྐྱེན་ཐད་ཕྱོགས་ཚང་མའི་ངོས་ནས་མི་མང་ལ་འགྲེལ་བརྗོད་བྱེད་རྒྱུའི་གོ་སྐབས་སྤྲོད་ཆོག་པ་དང་། དགོས་ངེས་བྱུང་ཚེ་སློབ་སྟོན་པ་རྣམ་པས་འགན་ཁུར་ཐོག་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་བྱས་ཏེ་གྲུབ་དོན་མི་མང་ལ་གསལ་བསྒྲགས་བྱེད་ཆོག

དོན་ཚན་བཅུ་དགུ་པ། རྒྱུན་ལས་ཕྱིར་འབུད།

༡          རྒྱུན་ལས་སུ་རུང་ནས་དབང་ཚད་ལས་བརྒལ་བའི་ཚབས་ཆེའི་ཐག་གཅོད་བྱས་པ་དང་། རྒྱུན་ལས་ཀྱི་གོ་དབང་བེད་ལོག་ཏུ་སྤྱད་པ། བོད་སྤྱིའི་རྩ་དོན་དང་། དེ་བཞིན་མདོ་སྨད་མི་མང་གི་ཁེ་དབང་དང་མཚན་མཐོང་ལ་གནོད་གཞི་ལས་རིགས་སྤེལ་བ་སོགས་ཚབས་ཆེའི་བྱས་འཛོལ་དབང་གིས་ཕྱིར་འབུད་གཏོང་དགོས་བྱུང་ཚེ། རྒྱུན་ལས་རྩ་འབོར་སུམ་ཆ་གཉིས་ཀྱིས་མོས་མཐུན་འོག་ཕྱིར་འབུད་གཏོང་ཆོག་པ་ཡིན།

༢ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མའི་སྒྲིག་འཛུགས་ལ་མཚན་སྨད་སྐུར་འདེབས་བྱས་པ་ར་འཕྲོད་བྱུང་ཚེ་རྒྱུན་ལས་ཀྱི་ཁོངས་ནས་འཕྲལ་དུ་ཕྱིར་འབུད་བྱེད་དགོས།

༣          ཚོགས་གཙོ་གཞོན་གང་རུང་ནས་དབང་ཚད་ལས་བརྒལ་བའི་ཚབ་ཆེའི་ཐག་གཅོད་བྱས་པ་དང་། རྒྱུན་ལས་ཀྱི་གོ་དབང་བེད་ལོག་ཏུ་སྤྱད་པ། བོད་སྤྱིའི་རྩ་དོན་དང་། ལྷག་པར་དུ་མདོ་སྨད་མི་མང་གི་ཁེ་དབང་དང་མཚན་མཐོང་ལ་གནོད་གཞིའི་ལས་རིགས་སྤེལ་བ་སོགས་ཚབས་ཆེའི་བྱས་འཛོལ་དབང་གིས་ཕྱིར་འབུད་གཏོང་དགོས་བྱུང་ཚེ། སློབ་སྟོན་པ་རྣམས་དང་རྒྱུན་ལས་ཡོངས་རྫོགས་ལྷན་འཛོམས་ཐོག་སུམ་ཆ་གཉིས་ཀྱིས་མོས་མཐུན་འོག་ཕྱིར་འབུད་གཏོང་ཆོག་པ་ཡིན།

༤          སྒྲིག་གཞི་འདིའི་དོན་ཚན་༢༡ ནང་གསེས་༧ པའི་དགོངས་དོན་ལྟར། དགོངས་པ་མ་ཞུས་པར་རྒྱུན་ལས་ཀྱི་ཚོགས་འདུའམ་ཡང་ན་རྒྱུན་ལས་ཀྱི་ལས་འགུལ་ཁག་ནང་བསྟུད་མར་ཐེངས་གསུམ་ཆད་པ་ཡིན་ན། རང་བཞིན་རྩ་དགོངས་སོང་བར་ངོས་འཛིན་གྱིས་ཚབ་གསར་བསྐོ་འཛུགས་བྱེད་དགོས།

དོན་ཚན་ཉི་ཤུ་པ། རྒྱུན་ལས་ཀྱི་ལས་འགན།

༡          ས་རྒྱུན་ནས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་ལ་ཕབ་ཟིན་པའི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་རྒྱུ་དང་། ས་གནས་ཀྱི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་ལས་འཆར་གཏན་འབེབས་དང་ལས་འགན་ཆ་བགོས་བྱ་དགོས།

༢          དབུས་བོད་མིའི་སྒྲིག་འཛུགས་དང་། མདོ་སྨད་ཆོལ་ཁའི་སྲིད་ཇུས་ལངས་ཕྱོགས་འོག་ཤར་བསྐྱོད་བྱེད་པར་ས་གནས་མདོ་སྨད་མི་མང་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ།

༣          ས་གནས་མདོ་སྨད་པ་ཉམ་ཐག་ནད་གཅོང་དང་། རྐྱེན་ངན་གོད་ཆག་བྱུང་རིགས་ལ་མགོ་འདོན་རོགས་སྐྱོར་གང་ཐུབ་བྱེད་རྒྱུ།

༤          མདོ་སྨད་ནང་ཁུལ་མཐུན་ལམ་དམ་ཟབ་ཡོང་སླད་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་རྒྱུ།

༥          སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་མ་དངུལ་ཆེད་དཔལ་འབྱོར་འདུ་འགོད་ལས་འཆར་བཟོ་འགོད་དང་ལག་བསྟར་བྱེད་རྒྱུ།

༦          མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་འགན་ཁག་ལ་ཕྱར་གྲུ་མཉམ་འདེགས་དང་། རྩ་འཛིན་བཀའ་ཁྱབ་ཁག་ལག་བསྟར་དོན་འཁྱོལ་ཡོང་ཐབས་བྱེད་རྒྱུ།

༧          རང་གཞུང་སྐུ་ཚབ་དོན་གཅོད་ཁང་དང་། བོད་རིགས་ཚོགས་པ་གཙོས་པའི་ས་གནས་ཀྱི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ལ་མཐུན་ལམ་དམ་ཟབ་ཐོག་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་རྒྱུ།

དོན་ཚན་ཉེར་གཅིག་པ། རྒྱུན་ལས་ལྷན་འཛོམས་ཀྱི་ཚོགས་འདུ།

༡          རྒྱུན་ལས་ལྷན་འཛོམས་ཀྱི་ཚོགས་འདུ་༼རྒྱུན་ལས་ལྷན་ཚོགས་ཞེས་འབོད་རྒྱུ།༽ཟླ་གསུམ་རེའི་ནང་ཐེངས་རེ་ངེས་པར་འཚོགས་དགོས་པ་དང་། དམིགས་བསལ་ཛ་དྲག་དང་དགོས་གལ་བྱུང་ཚེ་ཚོགས་གཙོའི་དབང་ཚད་ཀྱི་ཐོག་ནས་ཚོགས་འདུ་འཕར་མ་བསྡུ་སྐོང་བྱེད་ཆོག་པ་ཡིན།

༢          དམིགས་བསལ་ཛ་དྲག་རིགས་ཕུད། དེ་མིན་འཆར་ཅན་ཚོགས་འདུ་མ་འཚོགས་པའི་བདུན་ཕྲག་གཅིག་གི་སྔོན་དུ་ཚོགས་འདུའི་གྲོས་གཞི་ཁག་དྲུང་ཆེ་བརྒྱུད་རྒྱུན་ལས་ཚོར་ཕུལ་ཐུབ་པ་བྱེད་དགོས།

༣          ཚོགས་ཐེངས་རེ་རེའི་ཐོག་ཐེངས་རྗེས་མའི་ཚོགས་དུས་ཀྱི་ཚེས་གྲངས་གཏན་འབེབས་བྱེད་དགོས།

༤          རྒྱུན་ལས་ཀྱི་ཚོགས་འདུའི་སྐབས་རྒྱུན་ལས་རྩ་འབོར་གྱི་བརྒྱ་ཆ་ལྔ་བཅུ་ཡན་མ་ལོན་ཚེ་གྲོས་བསྡུར་ཙམ་ལས་ཐག་གཅོད་རིགས་གང་ཡང་བྱེད་མི་ཆོག

༥           རྒྱུན་ལས་ལྷན་ཚོགས་སྐབས་དྲུང་ཆེས་འགན་ཁུར་ཐོག་ཚིག་ཐོ་དང་ཐག་གཅོད་ཁག་ངེས་པར་ཡིག་ཐོག་ཏུ་བཀོད་དེ་ལུགས་མཐུན་བདག་ཉར་བྱེད་དགོས།

༦      རྒྱུན་ལས་ལྷན་ཚོགས་སྐབས་རེ་རེར་ཚོགས་ཐེངས་སྔོན་མའི་ཐག་གཅོད་ཁག་ལག་བསྟར་ཚུལ་བཞིན་བྱུང་ཡོད་མེད་བསྐྱར་ཞིབ་དང་མཇུག་གནོན་བྱེད་དགོས།

༧          རྒྱུན་ལས་སུ་ཡང་རུང་བ་ཚོགས་བཅར་མ་ཐུབ་པའི་གནས་ཚུལ་བྱུང་ཚེ་ཚོགས་གཙོ་གཞོན་གང་རུང་བརྒྱུད་དགོངས་ཞུ་ངེས་པར་ཏུ་བྱེད་དགོས། དམིགས་བསལ་ཛ་དྲག་གི་དཀའ་ངལ་དངོས་འབྲེལ་ཡོད་ན་ལས། དེ་མིན་དགོངས་ཞུ་མ་བྱས་པར་ཚོགས་འདུ་ཐེངས་གསུམ་བསྟུད་མར་ཆད་ཚེ་སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་ཁོངས་ནས་རང་བཞིན་རྩ་དགོངས་སོང་བར་ངོས་འཛིན་གྱིས་དོ་བདག་ལ་ཡིག་ཐོག་བརྡ་ལན་བཏང་བ་དང་འབྲེལ་འཕྲལ་དུ་ཚབ་གསར་བསྐོ་འཛུགས་བྱ་རྒྱུ།

དོན་ཚན་ཉེར་གཉིས་པ། རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས།

༡ ལོ་རེ་རེའི་འཁྲུངས་ལྷ་དབྱར་གསོལ་གྱི་ཐུགས་སྤྲོ་དང་བསྟུན་རྒྱུན་ལས་ནས་སྤྱི་ཡོངས་ལས་དོན་ཅི་བྱས་ཀྱི་ལས་སྡོམ་མི་མང་ལ་སྒྲོག་སྦྱང་དང་འགྲེམ་སྤེལ་བྱེད་དགོས།

༢          རྒྱུན་ལས་ཀྱི་ལས་དོན་ཆེ་ཁག་ཚོགས་གཙོ་སྦྲེལ་བོས་སྟངས་འཛིན་འོག རྒྱུན་ལས་ནང་གོ་བསྡུར་བརྒྱུད་སྤྱི་མོས་སམ་མང་མོས་གང་རུང་ཐོག་ཐག་གཅོད་དགོས་རྒྱུ་དང་། ལས་དོན་ཆུང་ཙག་རིགས་ཚོགས་གཙོ་སྦྲེལ་བོས་གོ་བསྡུར་དང་རྒྱུན་ལས་བྱིངས་ཀྱི་མཁྱེན་རྟོགས་ཡོད་པའི་འོག་ཐག་གཅོད་རྒྱུ།

༣          རྒྱུན་ལས་ཀྱིས་ལས་དོན་ཆ་བགོས་ལྟར་རྒྱུན་ལས་སོ་སོས་ལས་དོན་ཇི་བྱས་སྙན་གསན་དང་། ལས་སྡོམ་ཡིག་ངག་གང་རུང་བརྒྱུད་རྒྱུན་ལས་ལྷན་ཚོགས་སྐབས་སོ་སོར་འབུལ་དགོས།

༤          རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་དང་། གསལ་བསྒྲགས། བཀོད་ཁྱབ་སོགས་ལ་ཚོགས་གཙོའི་མཚན་རྟགས་འཁོད་རྗེས་གཞི་ནས་ལག་བསྟར་བྱེད་དགོས།

༥          གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་ཟབ་སྦྱོང་། ལས་འགུལ་གཞན་བཅས་ལ་ཚོགས་གཙོ་གཞོན་ནམ་དྲུང་ཆེ། ཡང་ན་ངོ་ཚབ་རྒྱུན་ལས་སུ་རུང་བཅར་དགོས་བྱུང་ཚེ། ལམ་གྲོན་ཅི་སོང་འཛིན་བྱང་གཞིར་བཟུང་ཞུ་ལེན་ཆོག་པ་ཡིན།

༦          རླུང་འཕྲིན་དང་དུས་དེབ། ཚགས་ཤོག་ཁག་ལ་ཚོགས་གཙོ་གཞོན་དང་དྲུང་ཆེ་གསུམ་གོ་བསྡུར་གྱིས་སུ་རུང་ནས་སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་མགྲིན་ཚབ་བྱེད་ཆོག་ལ། ཚོགས་གཙོ་གཞོན་དང་དྲུང་ཆེ་གསུམ་སུ་ལའང་དུས་ཁོམ་མ་བྱུང་ཚེ་རྒྱུན་ལས་གཞན་སུ་རུང་ལ་མགྲིན་ཚབ་པའི་འགན་དབང་བསྐུར་ཆོག དེ་མིན་རྒྱུན་ལས་སྒེར་བ་སུས་ཀྱང་རང་འདོད་ལྟར་སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་མིང་ཐོག་ནས་ཚགས་ཤོག་དང་རླུང་འཕྲིན། ཚོགས་འདུ་ཁག་ལ་གཏམ་བཤད་སྤེལ་མི་ཆོག

༧          ཚོགས་གཙོ་གཞོན་དང་དྲུང་ཆེ་གསུམ་ནས་རྒྱུན་ལས་སོ་སོར་ཆ་བགོས་བྱས་པའི་ལས་དོན་མཇུག་འདེད་དང་སྐུལ་ལྕག་བྱེད་དགོས།

༨          མདོ་སྨད་པ་ཞིག་ལ་ངོ་སྦྱོར་རྒྱབ་གཉེར་སྤྲོད་དགོས་མིན་ཐོག་རྩོད་རྙོག་བྱུང་ཚེ། ངོ་ཡོད་རྒྱུན་ལས་ནང་མང་མོས་ཅི་བྱུང་ལྟར་རྩ་འཛིན་ཐག་གཅོད་བྱེད་རྒྱུ།

དོན་ཚན་ཉེར་གསུམ་པ། སྤྱི་ཚོགས་བདེ་དོན་གྱི་ལས་དོན་བྱེད་ཕྱོགས།

༡          ཕྱི་འབྲེལ་དང་སྤྱི་ཚོགས་འབྲེལ་མཐུད་འགན་འཛིན་ནས་སྤྱི་ཚོགས་བདེ་དོན་གྱི་རྐང་འགན་གཙོ་བོ་ལེན་རྒྱུ་དང་།  ཚོགས་གཙོ་སྦྲེལ་བོས་གཙོ་བྱས་པའི་རྒྱུན་ལས་རྣམས་ཀྱིས་ཀྱང་འགན་ཁུར་མཉམ་ལེན་བྱ་དགོས།  གནས་ཚུལ་བྱེ་བྲག་པ་བྱུང་རིགས་ལ་རྒྱུན་ལས་རྣམས་གོ་བསྡུར་གྱིས་ལས་འགན་ཆ་བགོས་བྱ་དགོས།

༢          མདོ་སྨད་ཀྱི་ཁོངས་ནས་མྱོས་རྫས་དང་ཆང་རག་ལ་ངན་གོམས་རིགས་བྱུང་ཚེ། བཅོས་ཐབས་སུ་སྨན་ཁང་ངམ་སྒྲིག་འཛུགས་ཚད་ལྡན་ནང་འཇུག་ཐབས་བྱ་རྒྱུ། འདས་གྲོངས་སུ་ཕྱིན་རིགས་ལ་ཕུང་པོ་ཞུགས་འབུལ་སོགས་ཀྱི་འགན་རྐང་ལེན་བྱེད་དགོས་པ་ཡིན།

༣          མདོ་སྨད་པ་ལས་མེད་རྣམས་ལ་ལས་ཀ་འཚོལ་ཐབས་དང་བཙལ་སྟངས་ལམ་སྟོན་གང་ཐུབ་བྱ་རྒྱུ།

༤          མདོ་སྨད་པ་གསར་དུ་འབྱོར་བ་རྣམས་ཀྱི་ནང་ནག་ཉེས་ཅན་ཕུད། དེ་མིན་སྐྱབས་བཅོལ་ལག་ཁྱེར་དང་ཡུལ་ཁྲིམས་ཀྱི་རྐྱེན་པས་དཀའ་ངལ་འཕྲད་རིགས་བྱུང་ཚེ། སྐབས་བསྟུན་རོགས་རམ་མཐུན་འགྱུར་དང་ལམ་སྟོན་གང་ཐུབ་བྱ་རྒྱུ།

༥          རང་ཁོངས་ནས་འདས་གྲོངས་སུ་ཕྱིན་པ་དང་རྐྱེན་ཆགས་བྱུང་བ། ཡང་ན་ཛ་དྲག་ནད་མནར་རིགས་ལ་བལྟ་སྐྱོང་གང་ཐུབ་བྱ་དགོས། འདས་གྲོངས་སུ་ཕྱིན་རིགས་ལ་ནང་མིར་ཐུགས་གསོའི་ཆེད། མི་ཚང་རེ་ནས་སྒོར་༢༠ རེ་བསྡུ་ལེན་གྱིས་མཆོད་འབུལ་ཞུས་པའི་འགྲོ་སོང་ཕུད། ལྷག་དངུལ་ཇི་ཡོད་ནང་མིར་རྩིས་སྤྲོད་བྱ་རྒྱུ་དང་། གལ་སྲིད་འདོད་གཅིག་ནང་མིའམ་སྤུན་མཆེད་མེད་རིགས་ལ་གོང་མཚུངས་ས་གནས་སུ་མཆོད་འབུལ་ཞུས་པའི་འགྲོ་སོང་ཕུད།  ལྷག་དངུལ་ཇི་ཡོད་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔར་བསྔོ་རྟེན་ཆེད་ཕུལ་དགོས།

དོན་ཚན་ཉེར་བཞི་པ། ཆབ་སྲིད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས།

༡          དབུས་བོད་མིའི་སྒྲིག་འཛུགས་དང་ས་གནས་བོད་རིགས་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྤེལ་བའི་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་དུས་བསྟུན་མཉམ་ཞུགས་བྱེད་རྒྱུ།

༢          སྦེལ་ལྗམ་མདོ་སྨད་ས་རྒྱུན་ནས་ཆབ་སྲིད་ཀྱི་ལས་འགུལ་ཅི་ཞིག་སྤེལ་ཡང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་སྲིད་ཇུས་གཞིར་བཞག་མདོ་སྨད་ཚོགས་ཆེན་གྱི་གྲོས་ཆོད་ཁག་གི་དགོངས་དོན་དང་། མདོ་སྨད་དབུས་རྒྱུན་གྱིས་ལམ་སྟོན་ཁག་གི་རྒྱ་ལས་མ་བརྒལ་བ་དགོས།

༣ སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་རྒྱུན་ལས་སུ་འདྲ་ཞིག་ཡིན་ཀྱང་མདོ་སྨད་ས་རྒྱུན་གྱི་ངོ་ཚབ་མཚོན་པའི་ཐོག་གོང་གསལ་སྲིད་ཇུས་ལས་བརྒལ་པའི་ལས་འགུལ་རིགས་སམ། བོད་ཀྱི་རྩ་དོན་ལ་གནོད་གཞིའི་ལས་འགུལ་རིགས་ཀྱི་ནང་ནམ་ཡང་འཛུལ་ཞུགས་མི་ཆོག གལ་སྲིད་དེ་ལྟར་བྱེད་མཁན་རིགས་བྱུང་ཚེ། བྱས་འཛོལ་ཆེ་ཆུང་ལ་གཞིགས་ཏེ་དགོས་ངེས་ཀྱི་ཐག་གཅོད་བྱེད་ཆོག

དོན་ཚན་ཉེར་ལྔ་པ། ཆོས་རིག་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས།

༡          ཆོས་རིག་འགན་འཛིན་གྱིས་རྐང་འགན་གཙོ་བོ་ལེན་རྒྱུ་དང་། ཚོགས་གཙོ་སྦྲེལ་བོས་གཙོ་བྱས་པའི་རྒྱུན་ལས་རྣམས་ཀྱིས་ཀྱང་འགན་ཁུར་མཉམ་ལེན་བྱ་དགོས། རྒྱལ་བའི་སྐུ་ཕྱྭ་དང་སྤྱི་མཐུན་བསོད་ནམས་གསོག་སླད་ཞབས་རིམ་གསོག་སྒྲུབ་དང་། ས་གནས་རང་ཁོངས་མི་མང་གི་བདེ་སྡུག་ཆེད་ཞབས་རིམ་དང་བསྔོ་སྨོན་ལྟ་བུ་འཚོགས་དགོས་བྱུང་སྐབས། ཚོགས་གཙོ་སྦྲེལ་བོས་སྟངས་འཛིན་འོག་རྒྱུན་ལས་ནས་དུས་ཚེས་དང་ཚོགས་ཡུལ་གཏན་འཁེལ་ཟིན་རྗེས། ཆོས་རིག་འགན་འཛིན་གྱིས་དེ་ལུགས་ལག་བསྟར་བྱ་དགོས།

༢          གཞས་དང་ཞབས་བྲོ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་དར་སྤེལ་ཡོང་སླད་ནུས་ཤུགས་འདོན་རྒྱུ།

༣          སྦེལ་ལྗམ་ནང་འཚར་ལོངས་ཡོང་བཞིན་པའི་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་དང་རིག་གཞུང་བརྒྱུད་འཛིན་ཡོང་རྒྱུར་དམིགས་ཏེ། མདོ་སྨད་ས་རྒྱུན་གྱི་ངོས་ནས།༼ཤེས་ཡོན་ཞབས་ཞུའི་དཔལ་འབྱོར་འདུ་འགོད་༽ཞེས་པའི་ལས་གཞིའི་ཆེད་མ་དངུལ་གསོག་འཇོག་འབད་བརྩོན་དགོས་རྒྱུ་དང་། མ་དངུལ་དེ་དག་ས་གནས་ཀྱི་གཞོན་སྐྱེས་ཚོའི་ཤེས་ཡོན་ཁོ་ནའི་ཆེད་གཏོང་དགོས་རྒྱུ། དེ་བཞིན་རང་ཁོངས་ཤེས་ཡོན་པ་དག་གིས་ནུས་པ་འདོན་ཐབས་སྐུལ་སློང་བྱ་རྒྱུ།

དོན་ཚན་ཉེར་དྲུག་པ། ས་གནས་ཀྱི་ཚོགས་པ་གཞན་ཁག་དང་འབྲེལ་ལམ་འཛུགས་ཕྱོགས།

༡          ས་གནས་མི་མང་ཚོགས་ཆེན་དང་། རྒྱུན་ལས་ཀྱི་དམ་འབུལ་མཛད་སྒོ། དུས་ཆེན་དང་ཐུགས་སྤྲོ་སོགས་སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱིས་སྤེལ་བའི་འཆར་ཅན་དང་འཆར་ཅན་མ་ཡིན་པའི་བྱེད་སྒོ་ཆེ་ཁག་གི་སྟེང་གུས་ཞབས་དང་ཆེ་མཐོང་མཚོན་ཆེད་རང་གཞུང་སྐུ་ཚབ་དོན་གཅོད་ཁང་དང་། བོད་རིགས་ཚོགས་པ་གཙོས་པའི་ས་གནས་ཀྱི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་ནམ་འཐུས་ཚབ་རེ་ངེས་པར་དུ་གདན་འདྲེན་ཞུ་དགོས།

༢          བོད་ཀྱི་རྩ་དོན་དང་། ཆོས་རིག་དང་སྐད་ཡིག སྤྱི་ཚོགས་བདེ་དོན་སོགས་ཀྱི་ཆེད་ཚོགས་པ་གཞན་དག་གིས་སྤེལ་བའི་ལས་འགུལ་ཁག་ལ་རྒྱབ་སྐྱོར་ཆེད་དུས་བསྟུན་མཉམ་ཞུགས་གང་ཐུབ་བྱ་རྒྱུ།

དོན་ཚན་ཉེར་བདུན་པ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་འབྲེལ་ལམ་འཛུགས་ཕྱོགས།

༡          སྐབས་སོ་སོར་ས་གནས་མདོ་སྨད་མི་མང་གི་མི་གྲངས་འཕར་ཆག་གི་གནས་སྟངས་དང་། ཤེས་ཡོན་གྱི་ཐོག་རང་ཁོངས་ནས་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་ཐོན་རིམ་གྱི་མིང་གཞུང་དང་ལོ་རྒྱུས་བསྡུ་རུབ། ནད་མནར་དང་ཛ་དྲག་རོགས་རམ་དགོས་ངེས་ཅན་གྱི་མིང་གཞུང་བསྡུ་འགོད་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཕུལ་རྒྱུ་ཐབས་ཤེས་བྱ་དགོས།

༢ ས་རྒྱུན་ལྷན་ཚོགས་དང་སློབ་སྟོན་པ་བཅས་ནས་ཐག་གཅོད་བྱེད་མ་ཐུབ་པའི་ཛ་དྲག་གི་དོན་གནད་རིགས་བྱུང་ཚེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་བཀའ་འདྲི་ལམ་སྟོན་ཞུ་རྒྱུ།

༣          མདོ་སྨད་ཀྱི་བླ་ཆེན་ཁག་དང་། མདོ་སྨད་སྤྱི་འཐུས་རྣམ་པ། དབུས་རྒྱུན་ལས་རྣམ་པ། མདོ་སྨད་ཆོལ་ཁའི་གནད་ཡོད་རྣམས་ས་གནས་སུ་ཕེབས་སྐབས་འབྲེལ་བ་དང་སྣེ་ལེན་ཞུ་དགོས། དེ་བཞིན་མདོ་སྨད་པ་སུ་ཞིག་ནས་རང་རེའི་སྤྱི་ཚོགས་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་རིགས་ལ་ལེགས་གསོའི་བསྔགས་བརྗོད་དང་འཚམས་འདྲི་ཞུ་དགོས།

༤ མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བསྡུ་སྐོང་གནང་པའི་མདོ་སྨད་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་ལྟ་བུར་ས་རྒྱུན་གྱི་ཚོགས་གཙོ་གཞོན་ནམ་འཐུས་ཚབ་རེ་ངེས་བར་དུ་བཅར་ཐུབ་པ་བྱ་རྒྱུ་དང་། སྐབས་སོ་སོའི་བརྗོད་གཞི་ཁག་གི་ཐོག་ས་གནས་མི་མང་གི་བསམ་ཚུལ་བསྡུ་རུབ་ངེས་བར་དུ་བྱེད་དགོས་པ་ཡིན།

དོན་ཚན་ཉེར་བརྒྱད་པ། རྒྱུན་ལས་བརྡབ་ཆག

རྒྱུན་ལས་སུ་རུང་སྤྱི་བའི་ལས་དོན་ཆེད་བརྡབ་ཆག་དང་འཆི་སྐྱོན་བྱུང་རིགས་ལ་གདུང་སེམས་མཉམ་བསྐྱེད་དང་བལྟ་སྐྱོང་རོགས་ཕན་གང་ཐུབ་བྱེད་དགོས་ངེས་ལས་དཔལ་འབྱོར་གྱི་གུན་གསབ་འགན་ལེན་གང་ཡང་མེད།

ལེའུ་བཞི་པ།  སྤྱི་དངུལ་གཏོང་ལེན་བྱེད་ཕྱོགས།

དོན་ཚན་ཉེར་དགུ་བ། སྤྱི་དངུལ་གཏོང་ལེན་སྐོར།

༡          དུས་ཆེན་དང་དམིགས་བསལ་འདུ་འཛོམས་ཆེ་ཁག་སྐབས་འགྲོ་སོང་གཏོང་དགོས་ཁག་ལ་ཚད་བཀག་མེད་པ་ཕུད། སྤྱིར་བཏང་ཚོགས་གཙོའི་དབང་ཚད་ཀྱི་ཐོག་ནས་ཡུ་སྒོར་༥༠༠་ལས་མ་བརྒལ་བའི་འགྲོ་སོང་གཏོང་ཆོག་པ་དང་། དེ་ལས་བརྒལ་ཚེ་རྒྱུན་ལས་ལྷན་ཚོགས་ཐོག་སྤྱི་མོས་སམ་མང་མོས་གང་རུང་བརྒྱུད་ཐག་གཅོད་བྱེད་དགོས་པ་ཡིན།

༢          ཚོགས་པའི་ལས་དོན་ཆེད་ཛ་དྲག་ཅ་དངོས་ཉོ་སྒྲུབ་དང་འགྲོ་སོང་གཏོང་དགོས་རིགས་ལ། ཚོགས་གཙོའམ་ཡང་ན་རྒྱུན་ལས་ལྷན་ཚོགས་ཀྱི་བཀའ་ཁྲོལ་མེད་པར་སུས་ཀྱང་རང་འཚམ་གྱིས་འགྲོ་སོང་གཏོང་མི་ཆོག

༣          སྦེལ་ལྗམ་མདོ་སྨད་ས་རྒྱུན་ཀྱི་སྤྱི་དངུལ་ཡོངས་རྫོགས་ཚོགས་གཙོ་དང་། དྲུང་ཆེ། དངུལ་གཉེར།  རྩིས་པ་བཅས་ཀྱི་མིང་ཐོག་དངུལ་ཁང་དུ་བཅོལ་འཇོག་དགོས་པ་ལས་དངུལ་རྐྱང་ལག་ཉར་ནམ་ཡང་བྱེད་མི་ཆོག

༤ ཚོགས་གཙོའམ་རྒྱུན་ལས་ལྷན་ཚོགས་གང་རུང་ནས་མཁྱེན་རྟོགས་དང་བཀའ་འཁྲོལ་མེད་པར་རྒྱུན་ལས་བྱེ་བྲག་པ་སུས་ཀྱང་དངུལ་ཁང་ནས་རང་འཚམ་གྱིས་དངུལ་གཏོང་ལེན་བྱེད་མི་ཆོག

༥          དངུལ་ཁང་ནས་དངུལ་གཏོང་ལེན་སྐབས་ཚོགས་གཙོ་དང་། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་བཞི་ལས་ཉུང་མཐར་གཉིས་ཀྱི་མཚན་རྟགས་ངེས་པར་འཁོད་དགོས།

༦          རྒྱུན་ལས་སུ་རུང་ནས་འགྲོ་སོང་སྔ་འདོན་བཏང་རིགས་བྱུང་ཚེ། དེའི་རྩིས་ཁྲ་དང་བྱུང་འཛིན་ཁག་ལ་ཚོགས་གཙོ་དང་རྩིས་པ་གཉིས་ཀྱིས་གཟིགས་ཞིབ་དང་དག་མཆན་འཁོད་རྗེས་སྔ་འདོན་ཅི་བཏང་གི་དངུལ་འབབ་ཞུ་ལེན་བྱེད་ཆོག

༧          རྒྱལ་ཁབ་འདིར་གནས་སྡོད་རང་ཁོངས་མདོ་སྨད་པ་སུ་ཡང་རུང་བ་ནད་མནར་གྱིས་སྨན་ཁང་དུ་ཉལ་བ་དང་། ཚབ་ཆེའི་རྐྱེན་ངན་གོད་ཆགས་བྱུང་རིགས་ལ། ཚོགས་གཙོ་འམ་ཡང་ན་རྒྱུན་ལས་ལྷན་ཚོགས་གང་རུང་གིས་སྔོན་ཚུད་ནས་མཁྱེན་རྟོགས་ཡོད་པའི་ཐོག ཐུགས་གསོ་དང་འཚམས་འདྲིའི་ཆེད་ཡུ་སྒོར་༥༠ རེ་གཅིག་མཚུངས་གཏོང་ཆོག་པ་ཡིན།

༨          རྒྱལ་ཁབ་འདིར་གནས་སྡོད་རང་ཁོངས་མདོ་སྨད་པ་སུ་ཡང་རུང་བ་འདས་གྲོངས་སུ་ཕྱིན་སྐབས། འདས་པོའི་ཤུལ་ལུས་ནང་མིར་ཐུགས་གསོའི་ཆེད་ཡུ་སྒོར་༥༠ རེ་གཅིག་མཚུངས་གཏོང་དགོས་པ་ཡིན།

༩          ཚོགས་པའི་མཚན་ཐོག་ནས་ཁྲིམས་མཐུན་སྤྲོད་འཇལ་དགོས་པའི་དངུལ་འབོར་ཆེ་བ་རྣམས་དངུལ་ཁང་བཅད་ཤོག་བརྒྱུད་སྤྲོད་དགོས། གལ་སྲིད་དེ་ལྟར་མ་བྱུང་ཚེ་རྒྱུན་ལས་ལྷན་ཚོགས་སར་རྒྱུ་མཚན་ཅི་ཡིན་འགྲེལ་བརྗོད་ཁུངས་ལྡན་ཡིག་ཐོག་ནས་ཕུལ་དགོས་པ་ཡིན།

༡༠         དངུལ་འབོར་མང་ཉུང་ལ་མ་ལྟོས་པར་ཚོགས་པའི་ཆེད་དུ་འགྲོ་སོང་བཏང་རིགས་ལ་ཁུངས་ལྡན་བྱུང་འཛིན་ཡོད་དགོས། དེ་ལྟར་མ་བྱུང་ཚེ་རྒྱུ་མཚན་ཅི་ཡིན་འགྲེལ་བརྗོད་ཁུངས་ལྡན་ཡིག་ཐོག་ནས་ཕུལ་དགོས་པ་ཡིན།

༡༡         ལོ་རེའི་མཚམས་ཚོགས་གཙོ་སྦྲེལ་བོས་སྟངས་འཛིན་འོག་དངུལ་གཉེར་དང་རྩིས་པས་དེང་དུས་དང་མཐུན་པར་རྩིས་ཉར་འཇོག་བྱ་དགོས་པ་དང་། དངུལ་ཆད་ལྷག་གི་གནས་སྟངས་གསལ་བོ་བཟོ་དགོས།

༡༢        རྩིས་ཀྱི་གནས་སྟངས་ཆ་ཚང་ཁ་གསལ་བོར་རྒྱུན་ལས་ལྷན་ཚོགས་སྐབས་སྙན་སྒྲོན་ཞུ་དགོས།

༡༣ ཐུགས་སྤྲོ་དང་དཔལ་འབྱོར་འདུ་འགོད་ལས་འགུལ་ཁག་ནས་བྱུང་བའི་ཁེ་འབབ་དངུལ་འབོར་ཅི་ཡོད་ཉིན་བཅོ་ལྔའི་ནང་ཚུན་དངུལ་ཁང་ནང་བཅོལ་འཇོག་དགོས་པ་ཡིན།

༡༤         ཞལ་འདེབས་དང་རོགས་རམ་བྱུང་རིགས་ལ་བྱུང་འཛིན་ངེས་པར་དུ་སྤྲོད་དགོས།

༡༥         རྩིས་པས་རྐང་འགན་གཙོ་བོ་ལེན་རྒྱུ་དང་དངུལ་གཉེར་གྱིས་མཐུན་འགྱུར་རམ་འདེགས་བྱས་ཏེ། དེང་དུས་གྱི་འགྲོ་ལུགས་དང་མཐུན་པར་རྒྱུན་ལས་ཀྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁ་གསལ་ཁམས་དྭངས་བཟོ་འགོད་ཀྱིས་ལོ་རེའི་འཁྲུངས་ལྷ་དབྱར་གསོལ་གྱི་ཐུགས་སྤྲོའི་སྐབས་མི་མང་ལ་སྒྲོག་སྦྱང་དང་འགྲེམ་སྤེལ་བྱེད་དགོས།

༡༦         སྤྱི་དངུལ་བོར་བརླག་གི་གནས་ཚུལ་བྱུང་ཚེ། དངོས་འབྲེལ་ཁག་མེད་ཡིན་པའི་རྒྱུ་མཚན་དཔང་རྟགས་ངེས་འདྲོངས་ཡོད་ན་ལས། དེ་མིན་འབྲེལ་ཡོད་དོ་བདག་རྒྱུན་ལས་སུ་ཡིན་ནས་ཆ་ཚང་བསྒྲུབ་འཇལ་དགོས་པ་ཡིན། གལ་སྲིད་དོ་བདག་ནས་བསྒྲུབ་འཇལ་བྱེད་རྒྱུ་ཁས་ལེན་མ་བྱས་པ་ཡིན་ན། སློབ་སྟོན་པ་རྣམས་དང་དབུས་རྒྱུན་ལ་སྙན་གསན་ཞུས་ཏེ་ཞི་འགྲིག་གི་ལམ་ནས་ཐག་གཅོད་ཡོང་ཐབས་འབད་བརྩོན་དགོས་རྒྱུ་དང་། དེས་ཀྱང་གྲུབ་འབྲས་མ་སོན་པ་ཡིན་ན་དེབ་སྐྱེལ་ཞུས་ཟིན་པའི་ཚོགས་པ་ཁག་གི་ཐོབ་ཐང་གཞིར་བཟུང་ཡུལ་ཁྲིམས་ལ་སྦྱར་ཆོག་པ་ཡིན།

དོན་ཚན་སུམ་ཅུ་པ། སྤྱི་པའི་ཅ་དངོས།

༡          སྦེལ་ལྗམ་མདོ་སྨད་ས་རྒྱུན་ལ་བདག་པའི་སྤྱི་དངོས་གང་ཡོད་ཐོ་འགོད་བྱེད་སའི་མ་དེབ་ཞིག་དགོས་པ་ཡིན་ལ། མ་དེབ་དེའི་ནང་ཚོགས་པའི་ཅ་དངོས་གསར་རྙིང་ཇི་ཡོད་ཁ་གསལ་ཐོ་འགོད་བྱེད་དགོས་པ་དང་། གཉེར་པ་གཉིས་ཀྱིས་རྐང་འགན་བཞེས་ཐོག་ཅ་དངོས་གང་ཞིག་རྙིང་ཟད་བེད་མེད་དུ་གྱུར་བ་དང་། ཆག་སྐྱོན་ཤོར་བ། བོར་བརླག་སོང་བ་བཅས་ཀྱི་གནས་ཚུལ་ཁ་གསལ་འཁོད་དགོས།

༢          སྤྱི་པའི་ཅ་དངོས་གང་ཞིག་བོར་བརླག་གི་གནས་ཚུལ་བྱུང་ཚེ། དངོས་འབྲེལ་ཁག་མེད་ཡིན་པའི་རྒྱུ་མཚན་དཔང་རྟགས་ངེས་འདྲོངས་ཡོད་ན་ལས། དེ་མིན་འབྲེལ་ཡོད་གཉེར་བའམ་དོ་བདག་རྒྱུན་ལས་སུ་ཡིན་ནས་སྒྲུབ་འཇལ་དགོས་པ་ཡིན།

དོན་ཚན་སོ་གཅིག་པ། འགྲིམ་འགྲུལ་ཕྱོགས་བསྐྱོད།

༡          སྦེལ་ལྗམ་མདོ་སྨད་ས་རྒྱུན་སུ་འདྲ་ཞིག་ཡིན་ཀྱང་། རྒྱུན་ལས་ལྷན་ཚོགས་དང་ཚོགས་པའི་ལས་དོན་ཆེད་ཕྱོགས་བསྐྱོད་སྐབས་ལམ་གྲོན་ཞུ་ལེན་ཆོག་པ་ཡིན། འོན་ཀྱང་ངེས་པར་དུ་མེ་འཁོར་ནང་བསྐྱོད་དགོས་པའི་ངེས་པ་མེད་པར་ས་གནས་གང་ནས་གང་དུ་བསྐྱོད་པའི་མེ་འཁོར་རིམ་པ་གཉིས་པའི་འཛིན་བྱང་གི་གཏན་འབེབས་རིན་འབབ་གཞིར་བཟུང་རྩིས་ལེན་ཆོག     

༢          ཚོགས་གཙོ་གཞོན་ནམ་ཡང་ན་རྒྱུན་ལས་སུ་ཡང་རུང་བ་ཞིག་ཚོགས་པའི་ལས་དོན་ཆེད་རྒྱལ་ཁབ་ཕྱི་ལོགས་སུ་བསྐྱོད་དགོས་བྱུང་ཚེ། གནམ་གྲུ་དཀྱུས་མའི་འཛིན་བྱང་གཞིར་བཟུང་འགྲོ་སོང་ཞུ་ལེན་ཆོག འོན་ཀྱང་དེར་འཛིན་བྱང་ངོ་མ་ངེས་པར་དུ་འབུལ་ལམ་ཞུ་དགོས།

ལེའུ་ལྔ་པ།  ཚོགས་མི།

དོན་ཚན་སོ་གཉིས་པ། ཚོགས་མིའི་ཡོང་ཁུངས།

སྦེལ་ལྗམ་ནང་གནས་སྡོད་མདོ་སྨད་པ་ཡོངས་དང་། ཕ་མ་གང་རུང་མི་རིགས་གཞན་ཡིན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༨ པའི་ནང་གསེས་ ༡ པོར་༼བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང་། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་དག་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད། ༽ཅེས་པ་དང་། དོན་ཚན་༨ པའི་ནང་གསེས་༣ པར་༼ རྒྱལ་ཁབ་གཞན་གྱི་ཡུལ་མི་དང་བོད་ཀྱི་ཡུལ་མི་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་སྒྲིག་གཞི་ལྟར་ཞུགས་ཆོག ༽ཅེས་པའི་དགོངས་དོན་ལྟར། རང་ཉིད་མདོ་སྨད་པ་ཡིན་ན་བརྗོད་མེད་དང་། མི་རིགས་གཞན་ནམ་ཆོལ་ཁོངས་གཞན་གྱི་བཟའ་ཟླ་དང་། ཕ་མ་གང་རུང་མི་རིགས་གཞན་ནམ་ཆོལ་ཁོངས་གཞན་ཡིན་པའི་བུ་ཕྲུག་དག་ཀྱང་མདོ་སྨད་ཆོལ་ཁའི་སྲིད་བྱུས་ལངས་ཕྱོགས་སྤྱི་དང་། ཁྱད་པར་སྒྲིག་གཞི་འདིའི་འབྲི་དོན་ཁག་དང་ལེན་གྱིས་མདོ་སྨད་ཆོལ་ཁོངས་སུ་འཛུལ་འདོད་ཡོད་རིགས་འཛུལ་ཞུགས་ཆོག་པ་ཡིན།

དོན་ཚན་སོ་གསུམ་པ། ཚོགས་མིའི་ལས་འགན།

༡          བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་བཀའ་རྩ་ཁག་ལ་མ་འགལ་བའི་ཐོག མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་ལ་ཕབ་པའི་སྲིད་ཇུས་ལམ་སྟོན་དང་རྩ་འཛིན་ཁག་ལ་བརྩི་བཀུར་དང་། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁག་ལ་མཐའ་གཅིག་སྲུང་བརྩི་དང་ལེན་ཞུ་རྒྱུ་དང་། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞི་འདིའི་འབྲི་དོན་རྣམས་ལ་བརྩི་བཀུར་དང་ལེན་ཞུ་རྒྱུ། དེ་བཞིན་མདོ་སྨད་ནང་ཁུལ་ནས་ས་ཁོངས་དང་ཡུལ་ལུང་བྱེ་བྲག་པའི་ཚོགས་སྐྱིད་ཟུར་འཛུགས་མི་བྱེད་རྒྱུ།

༢          རང་ལོ་ ༡༦ ཧྲིལ་བོར་ལོན་པ་རྣམས་ནས་ལོ་རེའི་ཚོགས་དངུལ་གཏན་འབེབས་གཞིར་བཟུང་དུས་ཐོག་ཆད་ལུས་མེད་པར་འབུལ་དགོས་རྒྱུ།

༣          སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱིས་སྣེ་ཁྲིད་པའི་ལས་འགུལ་མཐའ་དག་ལ་མཉམ་ཞུགས་དང་།  རྒྱབ་སྐྱོར་ཕྱར་གྲུ་མཉམ་འདེགས་དགོས་རྒྱུ།

༤          བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༣ པའི་དགོངས་དོན་ ༼ ༡། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད། ༢། བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན། ༣། བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ། ༤། ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ། ༥། བོད་མིའི་སྒྲིག་འཛུགས་དང་ མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ། ༽ ཆ་ཚང་ཚུལ་བཞིན་ཉམས་ལེན་དགོས་རྒྱུ།

༥          མདོ་སྨད་ལག་འཁྱེར་བྱང་བུ་ཡོད་མེད་ལ་མ་ལྟོས་པར་མདོ་སྨད་པ་ཡིན་རིགས་ནས་ལོ་རེའི་ཚོགས་དངུལ་ཆད་མེད་འབུལ་དགོས་ཤིང་། མདོ་སྨད་ལག་འཁྱེར་བྱང་བུ་དགོས་མཁོ་ཡོད་རིགས་ནས་ཞུ་ལེན་ཆོག་པ་ཡིན།

དོན་ཚན་སོ་བཞི་པ། ཚོགས་མིའི་ཐོབ་ཐང་།

༡ རང་ལོ་བཅོ་བརྒྱད་ཧྲིལ་བོར་ལོན་པའི་ཚོགས་མི་སུ་ཡིན་ཡང་ཚོགས་ཆེན་ཐོག་ལས་དོན་ཐག་གཅོད་དང་རྒྱུན་ལས་འོས་བསྡུའི་སྐབས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་།

༢          མདོ་སྨད་པ་སུ་ཡིན་ནས། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ལས་དོན་ཆེ་ཕྲ་ཚང་མའི་ཐོག་དགོངས་འཆར་འདོན་པ་དང་། སྐྱོན་བརྗོད་བྱེད་པ། འདྲི་བརྩད་བྱེད་པ་བཅས་ཀྱི་ཐོབ་ཐང་ཡོད།

༣          མདོ་སྨད་པ་སུ་ཡིན་ཡང་། ཉམ་ཐག་ནད་གཅོང་ངམ་རྐྱེན་ངན་གོད་ཆགས་བྱུང་རིགས་ལ་མདོ་སྨད་ས་རྒྱུན་ནས་མགོ་འདོན་རོགས་སྐྱོར་གང་ཐུབ་བྱ་རྒྱུ།

༤          གནད་དོན་བྱེ་བྲག་པའི་ཆེད་དུ་ལག་འཁྱེར་བྱང་བུ་དང་ངོས་སྦྱོར། རྒྱབ་གཉེར་ཡིག་ཆ་སོགས་ཞུ་མཁན་དོགས་གཞི་ཡོད་རིགས་ལ་དངོས་འབྲེལ་མདོ་སྨད་ཀྱི་མི་ཁོངས་ཡིན་པ་ར་སྤྲོད་གསལ་པོ་མ་ཆགས་པར་ནམ་ཡང་སྤྲོད་མི་ཆོག

དོན་ཚན་སོ་ལྔ་པ། མདོ་སྨད་སྤྲོ་སྐྱིད་གཏོང་ཕྱོགས།

༡          སྤྲོ་སྐྱིད་དང་འདུ་འཛོམས་སོགས་ཀྱི་སྐབས་སུ་དབུས་བོད་མིའི་སྒྲིག་འཛུགས་དང་། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གཞུང་འབྲེལ་བཀོད་ཁྱབ། སྦེལ་ལྗམ་བོད་རིགས་ཚོགས་པའི་དམིགས་བསལ་ལས་གཞི་ཁག་གི་ཆེད་བཅས་ཁོ་ན་ལས། གཞན་སྤྱི་སྒེར་སུ་ཐད་ནས་ཞལ་འདེབས་བསྡུ་སློང་རིགས་ནམ་ཡང་མི་ཆོག

༢          རྒན་རབས་ལ་གུས་བརྩི་དང་། བུ་ཕྲུག་ལ་མཐོངས་ཆེན་མཚོན་ཆེད་རྒན་པ་རང་ལོ་༧༠ ཡན་དང་གཞོན་པ་རང་ལོ་༡༦ མན་ལ་སྤྲོ་སྐྱིད་སོགས་ཀྱི་སྐབས་སུ་འཛིན་བྱང་རིན་མེད་བྱེད་རྒྱུ། འོན་ཀྱང་། རང་ལོ་ངོས་འཛིན་གསལ་བོ་ཡོང་ཆེད་ངོ་སྤྲོད་ལག་འཁྱེར་མཉམ་འཁྱེར་ངེས་བར་ཏུ་དགོས་རྒྱུ།  གལ་སྲིད་ལག་འཁྱེར་མཉམ་འཁྱེར་མེད་ཚེ་སྤྱི་མཚུངས་ལྟར་འཛིན་བྱང་གི་རིན་འབབ་བསྡུ་ལེན་བྱེད་རྒྱུ།

༣          མདོ་སྨད་སྤྲོ་སྐྱིད་དང་འདུ་འཛོམས་ཀྱི་སྐབས་སུ་ཏམ་པུ་ལ་དང་རྒྱན་ཤོག་ཙམ་ལས། དཔལ་འབྱོར་འདུ་འགོད་ལ་དམིགས་ཏེ་མ་ཅང་དང་རྒྱན་རྩེད་རིགས་ཚོགས་པ་རང་ངོས་ནས་གོ་སྒྲིག་ནམ་ཡང་བྱེད་མི་ཆོག

ལེའུ་དྲུག་པ།  ས་གནས་མདོ་སྨད་མི་མང་གི་ཚོགས་ཆེན།

དོན་ཚན་སོ་དྲུག་པ། ས་གནས་མདོ་སྨད་མི་མང་ཚོགས་ཆེན།

གལ་ཆེའི་གནས་ཚུལ་གང་ཡང་རུང་བ་ཞིག་ས་རྒྱུན་ནས་ཐག་གཅོད་བྱེད་མ་ཐུབ་པ་དང་། མདོ་སྨད་དབུས་དང་ས་གནས་ཀྱི་ཛ་དྲག་གི་གནད་དོན་ཁག་དང་། སྤྱི་བའི་རྩ་དོན་དང་འབྲེལ་བའི་དོན་གནད་གལ་ཆེན་ཁག་ལ་གྲོས་བསྡུར་སླད་དུས་ཡུན་ངེས་མེད་ནང་། སྦེལ་ལྗམ་མདོ་སྨད་མི་མང་གི་ངོ་ཚབ་མཚོན་པའི་མི་མང་ཚོགས་ཆེན་བསྡུ་སྐོངས་བྱེད་ཆོག་པ་ཡིན།

ལེའུ་བདུན་པ།  སྒྲིག་གཞི་མགོ་འཛུགས་དང་བསྐྱར་བཅོས།

དོན་ཚན་སོ་བདུན་པ། སྒྲིག་གཞི་མགོ་འཛུགས།

སྒྲིག་གཞི་འདི་ཉིད་སྦེལ་ལྗམ་མདོ་སྨད་ས་རྒྱུན་སྐབས་དང་པོའི་ལས་ཁུར་དམ་བཅའ་ཕུལ་ཉིན་ནས་མགོ་འཛུགས་ལག་བསྟར་བྱ་རྒྱུ།

དོན་ཚན་སོ་བརྒྱད་པ། སྒྲིག་གཞི་བསྐྱར་བཅོས།

ལོ་གསུམ་རེའི་མཚམས་སུ་སྒྲིག་གཞི་འདིའི་བརྗོད་བྱ་བརྗོད་བྱེད་དང་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་པའི་དགོངས་འཆར་བྱུང་ཚེ། སློབ་སྟོན་པ་རྣམས་དང་རྒྱུན་ལས་ཡོངས་རྫོགས་ལྷན་འཛོམས་ཐོག་བགྲོ་གླེང་གནང་སྟེ། སུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་ན་སྒྲིག་གཞི་འདི་ལ་བསྐྱར་བཅོས་བྱེད་ཆོག་པ་ཡིན།

            མདོ་སྨད་ས་རྒྱུན་གྲ་སྒྲིག་ཚོགས་ཆུང་ནས།

            ཕྱི་ལོ་ ༢༠༡༧ ཟླ་ ༤ པའི་ཚེས་ ༡༥ ཉིན།

ཟུར་སྣོན་ཡིག་ཆ།  ཀ

སྦེལ་ལྗམ་མདོ་སྨད་ས་རྒྱུན་ཀྱི་ལས་འཁུར་དམ་བཅའ།

༄༅།  །བདག་་་་་་་་ཞེས་བགྱི་བ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་སུ་འདེམས་ཐོན་བྱུང་བ་ལགས་ན། རྒྱུན་ལས་ཀྱི་ལས་ཁུར་དུས་ཡུན་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་ཇུས་དང་། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀའ་ཁྱབ་ལམ་སྟོན་ཁག་དང་མ་འགལ་བའི་ཐོག སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞིའི་འབྲི་དོན་ཁག་ཚུལ་བཞིན་ཉམས་ལེན་དང་བརྩི་བཀུར་ཞུས་ཏེ། བོད་སྤྱིའི་རྩ་དོན་དང་ས་གནས་མདོ་སྨད་མི་མང་གི་བདེ་སྡུག་ཆེད། རང་འཁྲིའི་ལས་ཁུར་ཞུ་སྒོ་མཐའ་དག་རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་གི་རྣམ་དཔྱོད་དང་ནུས་པས་གང་ཐེག་ཞུ་རྒྱུར་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ། ཁ།

༄༅།།སྦེལ་ལྗམ་མདོ་སྨད་ས་རྒྱུན་འོས་བསྡུའི་འགེངས་ཤོག འགེངས་ཤོག་དང་པོ། ས་གནས་ ( Antwerpen ) ཨན་ཀྲོ་ཝར་པན་གྱི་འོས་གཞི་མི་གྲངས་ ༤ 

འགེངས་ཤོག་གཉིས་པ། ས་གནས་ ( Brussls & Walloon ) བྷུ་རུ་སེལ་དང་ཝ་ལོན་གྱི་འོས་གཞི་མི་གྲངས་ ༣                            

འགེངས་ཤོག་གསུམ་པ། ས་གནས་ ( Limburg & Flemish Brabant ) ལིམ་བྷུར་གྷུ་དང་ཝུ་ལ་མེ་ཤཱི་བྷུ་ར་བྷན་སྒྲི་ཡི་འོས་གཞི་མི་གྲངས་ ༢                            

འགེངས་ཤོག་བཞི་པ། ས་གནས་ ( East Flanders & West Flanders ) ཤར་ཝུ་ལན་དྷིར་དང་ནུབ་ཝུ་ལན་དྷིར་མཉམ་དུ་འོས་གཞི་མི་གྲངས་ ༢      

                  

༡          འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མིའི་མིང་འཁོད་པ། ༼ འོས་ཤོག་གི་ངོས་སུ་འོས་བླུག་མཁན་རང་ཉིད་ཀྱི་མིང་འབྲི་བའམ། ཡང་ན་ས་ཡིག་སོགས་རྟགས་གཞན་བརྒྱབ་ན་འོས་ཤོག་དེ་རྩིས་མེད་དུ་འགྲོ། ༽

༢          རང་མོས་འོས་འདེམས་སུར་བྱེད་མི་མིང་དང་རྟགས་གང་ཡང་མི་གསལ་བ། ༼ རང་ཉིད་ཀྱིས་སུ་ལ་འོས་བླུག་ཀྱང་དེའི་མིང་དང་ཕ་ཡུལ་སྡོད་གནས་ལས་གནས་སོགས་མདོར་ན་མི་དེ་ངོ་སྤྲོད་གསལ་པོ་བྱེད་མ་ཐུབ་ན་འོས་ཤོག་རྩིས་མེད་དུ་འགྲོ། ༽

༣          ཐོབ་ཁུངས་སོ་སོའི་ཐོབ་ཆའི་རྒྱུན་ལས་ཀྱི་གྲངས་ཚད་ལས་བརྒལ་བའི་མི་མིང་དང་འོས་རྟགས་བརྒྱབ་པ། ཡང་ན་ས་ཁུལ་རེ་རེའི་གྲངས་ཚད་གཏན་འབེབས་ལས་མང་བའི་མིའི་མིང་བྲིས་ན་འོས་ཤོག་རྩིས་མེད་དུ་འགྲོ་བ་ཡིན། འོན་ཀྱང་གྲངས་ཚད་གཏན་འབེབ་ལས་ཉུང་བ་བླུག་ན་སྐྱོན་མེད།

༣          འོས་མིང་བྲི་བསུབ་བྱས་པ། དཔེར་ན། བཀྲིས་དོན་གྲུབ་ཟེར་བ་བྲིས་བསུབ་ཀྱིས་དེའི་ཚབ་ལ་ཉི་མ་ཚེ་རིང་ལྟ་བུ་འདྲ་མཚུངས་དང་ནོར་གཞི་མེད་པའི་མིང་ཞིག་བྲིས་པ་ཡིན་ན། འོས་ཤོག་དེ་རྩིས་མེད་དུ་འགྲོ་བ་ཡིན།

                        སྦེལ་ལྗམ་མདོ་སྨད་ས་རྒྱུན་གྲ་སྒྲིག་ཚོགས་ཆུང་ནས།

                        ཕྱི་ལོ་ ༢༠༡༧ ཟླ་ ༤ པའི་ཚེས་ ༡༥ ཉིན།

འོས་ཤོག་ཟུར་སྣོན་ཡིག་ཆ།  ག

༄༅།།སྦེལ་ལྗམ་མདོ་སྨད་ས་རྒྱུན་འོས་འདེམས་སྐབས་སོ་སོའི་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་རེའུ་མིག